༢༠༡༥ ཟླ་ ༥ ཚེས་ ༦ རེས་གཟའ་མིག་དམར།
༄༅། །འདིར་སིམ་ལ་ས་གནས་འགོ་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༤ ཉིན་སིམ་ལ་ཇོ་ནང་རྟག་བརྟན་ཕུན་ཚོགས་ཆོས་གླིང་དགོན་དུ་སིམ་ལ་ཧིན་བོད་མཛའ་སྦྲེལ་ཚོགས་པས་སྟོན་པའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ངང་གོ་སྒྲིག་ཞུས་འདུག དེ་ཡང་ཉིན་དེའི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་མཛད་སྒོ་དབུ་འཛུགས་གནང་བ་དང་སྦྲགས་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་གྱི་སྤྱི་འཐུས་ར་ཝི་ཐ་ཀུར་ Ravi Thakur དང་དམིགས་བསལ་སྐུ་མགྲོན་རྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་ཚོགས་ཆུང་གི་ཚོགས་མི་(member of minority commission)བཀྲིས་རྣམས་རྒྱལ་ཤ་ནུ་དང། ཧི་མ་ཅལ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་ཨེ་ཌི་ཨེནབྷཇ་པ་ཡི་ ADN Bajpai, Vice Chancellor རྣམ་གཉིས་ཀྱིས་མཆོད་མེ་ཞལ་ཁ་ཕྱེས་ཏེ་མཛད་སྒོ་དབུ་འཛུགས་གནང་རྗེས་ཧིན་བོད་མཛའ་སྦྲེལ་ཚོགས་ཆུང་གི་ཚོགས་གཞོན་ས་གནས་འགོ་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་དུས་ཆེན་ངོ་སྤྲོད་དང་འཚམས་འདྲི་ཞུས།
དེ་ནས་རིམ་པས་ཚོགས་གཙོ་ཝི་ཨེས་ནི་གི་ V.S. Negi ལགས་དང་། ཧིན་དྷུ་ཆོས་དཔོན། དེ་བཞིན་མཁས་དབང་ཁག་གཅིག་གིས་གསུང་བཤད་གནང་བསྟུན་ཧིན་བོད་མཛའ་སྦྲེལ་གོང་ཐོར་སྤེལ་རྒྱུའི་ཐད་བྱས་རྗེས་ཆེན་པོ་ཡོད་པའི་ས་འཐུས་ཚོགས་གཙོ་བསྟན་འཛིན་ལགས་དང་ཨེཇ་སི་ནི་གི H.C. Negi, Income Tax Commissioner, Shimla རྣམ་གཉིས་ལ་ཧིན་བོད་མཛའ་སྦྲེལ་ཚོགས་པའི་ངོས་ནས་གཟེངས་རྟགས་གནང་། ཐེངས་འདིའི་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་རྣམ་པས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་གསུང་བཤད་ཀྱང་གནང་འདུག
དེ་རྗེས་མཛད་རིམ་ལྟར་དགོན་སྡེ་ཁག་ནས་གར་འཆམ་འཁྲབ་སྟོན་དང་། ཧི་མ་ལ་ཡའི་སློབ་ཕྲུག་ཚོགས་པ། སིམ་ལ་གཏན་སློབ། དེ་བཞིན་སིམ་ལ་མི་མང་ཡོངས་ནས་རིག་གཞུང་འཁྲབ་སྟོན་གནང་བ་དང་། འདིར་འདུ་འཛོམས་གནང་བའི་ཧི་མ་ལ་ཡའི་རི་རྒྱུད་དང་བོད་མི་གཙོས་པའི་མི་མང་ ༢༥༠༠ ཙམ་ལ་ཉིན་གུང་ཞལ་ལག་ཕུལ་རྗེས་དགོངས་དྲོ་ཆུ་ཚོད་དྲུག་པ་བར་བོད་གཞས་དང་ཁུ་ནུ། པི་ཏིའི་སོགས་ཀྱི་གླུ་གཞས་ལ་རོལ་ནས་སྤྲོ་སྣང་ལྡན་པའི་དུས་ཆེན་ཞིག་སྲུང་བརྩི་ཞུས་འདུག་པ་བཅས། །