༢༠༡༥ ཟླ་ ༥ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དངོས་གྲུབ་རྡོ་རྗེ་ལགས་རྣམ་གཉིས་ཉེ་ལམ་བལ་ཡུལ་དུ་ཕེབས་ནས་ས་ཡོམ་གྱི་གོད་ཆག་འོག་དཀའ་སྡུག་མྱོང་བཞིན་པའི་རང་རིགས་བོད་རིགས་སྤུན་ཟླ་རྣམས་ཀྱི་གནས་སྟངས་གཟིགས་ཞིབ་གནང་བའི་གནད་དོན་ཐོག
ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༨ རེས་གཟའ་ཕུར་བུའི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན།
ད་ལམ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དངོས་གྲུབ་རྡོ་རྗེ་ལགས་གཉིས་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་སྐུ་ཚབ་ཏུ་བལ་ཡུལ་ནང་གནས་སྡོད་བཙན་བྱོལ་བོད་མིར་ས་ཡོམ་གྱིས་གནོད་སྐྱོན་ཚབས་ཆེ་ཕོག་ཡོད་པར་ཐུགས་གསོའི་འཚམས་འདྲི་དང་ཆབས་ཅིག་དངོས་སུ་ས་གནས་ས་ཐོག་ཏུ་གོད་ཆག་ཇི་བྱུང་གི་གནས་སྟངས་རྟོགས་ཞིབ་སླད་ཆེད་བསྐྱོད་གནང་ཡོད།
ཤེས་རིག་བཀའ་བློན་མཆོག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༨ ནས་ ༢༡ བར་གཙོ་བོ་བལ་ཡུལ་རྒྱལ་ས་ཀ་ཐ་མནྜུ་བོད་མིའི་གཞིས་ཆགས་ཁག་དང་སློབ་གྲྭ་ཁག བཟོ་གྲྭ དེ་བཞིན་དགོན་སྡེ་ཆེ་ཁག སྣེ་ལེན་ཁང་། རྒན་གསོ་ཁང་། ལས་ཁུངས་ཁག་ལ་ཐུགས་གསོའི་འཚམས་འདྲི་དང་རྟོགས་ཞིབ་གནང་། ལྷག་པར་དགོན་སྡེ་ཁག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞེད་དགོངས་ལམ་སྟོན་ལྟར་མ་བསྐུལ་དྭང་བླངས་ཀྱིས་ས་ཡོམ་རྒུད་སྐྱོབས་ལས་དོན་ནང་གཟེངས་སུ་ཐོན་པའི་རོགས་སྐྱོར་ཤུགས་ཆེ་བྱས་དང་བྱེད་བཞིན་ཡོད་པར་ཡི་རང་བསྔགས་བརྗོད་ཞུས། དེ་བཞིན་འཇོ་ཁེལ་གཞིས་སྡོད་མི་མང་དང་མཆོད་འཇོར་ས་གནས་འགོ་འཛིན་ཁྱབ་ཁོངས་མི་མང་ཁག་ཅིག་ཐུག་འཕྲད་གནང་ཡོད། དེ་རྗེས་ཁོང་རྣམ་གཉིས་ཕྱིར་ལོག་མ་གནང་གོང་བལ་ཡུལ་བོད་མིའི་འབྲེལ་མཐུད་གྱིས་གཙོ་སྐྱོང་གནང་བའི་ས་གནས་ཛ་དྲག་ངལ་སེལ་ཚོགས་ཆུང་ཚོགས་བསྐོངས་ཞུས་ཏེ་ལས་དོན་འདྲི་ཞིབ་དང་། ངལ་སེལ་མཐུན་སྐྱོར་བྱ་ཕྱོགས་དང་འབྲེལ་བའི་བྱེད་སྒོ་ཁག་གཅིག་བཀོད་མངགས་གནང།
སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ནས་ཕྱི་ཚེས་ ༡༣ ནས་ ༡༩ བར་གཙོ་བོ་པོག་རཱ་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ལ་ཆེད་བསྐྱོད་གནང་ནས་ས་གནས་འགོ་འཛིན་དང་རང་བདེན་ཚོགས་ཆུང་གི་ཚོགས་མི་བཅས་ཚང་འཛོམས་ཐོག་གདུང་སེམས་མཉམ་སྐྱེའི་སེམས་གསོ་དང་ས་གནས་སུ་ཕེབས་དགོས་དོན་འགྲེལ་བརྗོད་གནང་ཡོད།
དེ་རྗེས་རཱ་སུ་ཝ་རྫོང་ཁོངས་རང་རིགས་ས་ཁག་ལྔ་ནང་གནས་སྡོད་ཡོད་པའི་ཤབ་རུ་དང་ཐེམ་པོ་ཆེ་ས་ཁག་གཉིས་སུ་ཕེབས། ཐེམ་པོ་ཆེའི་གཞིས་ཁང་འགའ་ཤས་མ་གཏོགས་དེ་མིན་ས་ཁག་གཞན་ནང་གཞིས་ཁང་དང་སྒེར་གྱི་ཁང་ཁྱིམ་མང་ཆེ་བ་དང་། དེ་བཞིན་ཤབ་རུ་སློབ་ཁང་དང་ཕྲུ་གུའི་ཉལ་ཁང་། ལས་ཁུངས་སོགས་ཆ་ཚང་ས་ཡོམ་གྱི་གོད་ཆག་འོག་ཞིག་རལ་དུ་གྱུར་ཡོད། བལ་ཡུལ་ནང་ས་ཡོམ་གྱི་གནོད་འཚེ་བྱུང་མ་ཐག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བལ་ཡུལ་གཞུང་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བ་དང་༸ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ངལ་སེལ་རོགས་རམ་ཆེད་བལ་སྒོར་འབུམ་ལྔ་བཅུ་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་བལ་སྒོར་འབུམ་ཉི་ཤུ་ཞལ་འདེབས་གནང་ཡོད། ཞལ་འདེབས་དེ་དག་བལ་ཡུལ་འབྲེལ་མཐུད་པའི་བརྒྱུད་འབུལ་ལམ་ཞུ་ཐུབ་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་བལ་ཡུལ་གནས་སྡོད་བོད་མིར་ས་ཡོམ་གྱི་ཛ་དྲག་ངལ་སེལ་ཆེད་དང་ཐོག་བལ་སྒོར་འབུམ་བཅུ་དྲུག་དང་།
དེ་རྗེས་བལ་སྒོར་འབུམ་བཞི་བཅུ་བཅས་བལ་ཡུལ་བོད་མིའི་འབྲེལ་མཐུད་པའི་གཙོ་སྐྱོང་འོག་ཚོགས་མི་དྲུག་ལས་གྲུབ་པའི་ཛ་དྲག་ངལ་སེལ་ཚོགས་ཆུང་ལ་གནང་ཟིན་པས་ས་ཡོམ་གྱི་གོད་ཆག་འོག་འདས་གྲོངས་སུ་གྱུར་བའི་རྗེས་ཤུལ་ནང་མི་དང་། སྨས་སྐྱོན་ཕོག་པ། དེ་བཞིན་གཞིས་ཁང་རྩ་འཐོར་ཕྱིན་པ་སོགས་ལ་ངལ་སེལ་ཐུབ་པ་བྱུང་ཡོད།
བསྐྱར་བཟོའི་ལས་འཆར་ཐད། དཔལ་ལྡན་བཀའ་ཤག་ནས་བོད་མིའི་སྡོད་སྒར་ཁག་དང་ཕྱི་རྒྱལ་སྐུ་ཚབ་དོན་གཅོད། འབྲེལ་ཡོད་རོགས་ཚོགས་ཁག་ལ་གཞི་རྒྱ་ཆེ་བའི་འབོད་སྐུལ་ཤུགས་ཆེ་གནང་བཞིན་ཡོད་པས་རིང་མིན་གསལ་བསྒྲགས་ཕེབས་རྒྱུ་དང་། དེ་འབྲེལ་བར་བརྒལ་ངལ་སེལ་དང་ཕུགས་འཁྱོངས་ལས་འཆར་ཁག་ལའང་དགོངས་བཞེས་གནང་མུས་བཅས། ཞེས་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་བསྟུན། གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད།།