༢༠༡༥ ཟླ་ ༥ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །འདི་གར་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་པྲི་ཏོ་རི་ཡའི་ནང་ལོ་ལྟར་རྐང་འཁོར་འགྲན་སྡུར་བྱེད་སྲོལ་ཡོད་པ་ལྟར་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༥།༡༧ བཅས་ཉིན་གྲངས་གསུམ་རིང་རྐང་འཁོར་འགྲན་སྡུར་བ་མི་གྲངས་ ༡༦ གིས་ཕུ་ཐུང་སྟེང་སྦྱར་བའི་བོད་ཀྱི་རྒྱལ་དར་ཐོག་བོད་རང་དབང་། ཞེས་བྲིས་ནས་འགྲན་སྡུར་ནང་མཉམ་ཞུགས་གནང་འདུག
དེ་ཡང་སྐབས་དེར་འགྲན་སྡུར་ནང་བཞུགས་མཁན་སྐུ་ཞབས་ཀ་ལ་སི་ཝེ་སེལ་ལགས་ Klasie Wessels ཀྱིས་གསུང་དོན། ངས་རྐང་འཁོར་འགྲན་སྡུར་ད་བར་ཐེངས་ ༡༡ བྱས་པ་ཚང་མའི་ནང་བཞུགས་མྱོང་ཡོད་པ་མ་ཟད། མ་འོངས་པར་ཡང་མུ་མཐུད་ནས་འགྲན་སྡུར་ནང་མཉམ་ཞུགས་བྱ་རྒྱུ་ཡིན། ང་ཚོས་འདི་ལོའི་འགྲན་སྡུར་ནང་བོད་དོན་རྒྱབ་སྐྱོར་གྱི་ཕུ་ཐུང་གྱོན་རྒྱུའི་ཐག་གཅོད་བྱས་པ་དེ་གྲགས་ཆེན་པོ་བྱུང་ཡོད་པ་མ་ཟད། ང་ཚོའི་ཤོག་ཁག་ནང་དུ་འགྲན་སྡུར་བ་མི་གྲངས་ ༡༦ ཡོད་པ་ཚང་མས་ཕུ་ཐུང་འདི་གྱོན་རྒྱུར་སེམས་ཤུགས་ཆེན་པོ་འདུག
ང་ཚོ་ལམ་བར་དུ་རྐང་འཁོར་གཏོང་སྐབས་མི་མང་པོས་ང་ཚོས་གྱོན་པའི་ཕུ་ཐུང་ལ་དམིགས་བསལ་དོ་སྣང་བྱས་ནས་བོད་དོན་སྐོར་སྐད་ཆ་འདྲི་སྐབས་ང་ཚོས་བོད་ཀྱི་གནས་སྟངས་འགྲེལ་བརྗོད་བྱས་ཐུབ་པ་སོགས་དྲིལ་བསྒྲགས་ཡག་པོ་བྱུང་སོང་། ཞེས་ཁོང་གིས་གསུང་འདུག སྤྱིར་རྐང་འཁོར་འགྲན་སྡུར་དེ་ལྷོ་ཨ་ཕི་རི་ཀའི་ལ་མཐོ་ཤོས་ Sani Pass ཞེས་པ་ནས་ཨིན་ཌི་ན་རྒྱ་མཚོའི་ Indina Ocean འགྲམ་བར་དུ་ཡིན་སྟབས། འགྲན་སྡུར་དེའི་མིང་བྱང་དུ་ “Sani2C” ཞེས་ཡིན་འདུག
ཕྱི་ཚེས་ ༡༦ ཉིན་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བསྟན་འཛིན་ཀུན་བཟང་ལགས་ཀྱིས་བོད་དོན་རྒྱབ་སྐྱོར་བ་མི་སྣ་ ༡༦ ཁོང་རྣམས་ལ་མཇལ་དར་ཕུལ་ནས་འཚམས་འདྲི་གནང་བ་མ་ཟད། སྐབས་དེར་ལྷོ་ཨ་ཕི་རི་ཀའི་བོད་དོན་རྒྱབ་སྐྱོར་བའི་ཚོགས་གཙོ་ལྕམ་སྐུ་ཨེ་ལི་ཛེ་བྷེ་ཐི་གེ་ཝུ་ཌི་ Ms.Elizabeth Gaywood ལགས་ཀྱང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༢༠ དང་ལྷན་ཕེབས་ནས་རྐང་འཁོར་འགྲན་སྡུར་བ་མི་གྲངས་ ༡༦ རྣམས་ལ་མཇལ་དར་ཕུལ་འདུག