༢༠༡༥ ཟླ་ ༥ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༧ ཉིན་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ཌར་བན་ DURBAN ནང་དུ་ལྷོ་ཨ་ཕི་རི་ཀའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ Tibet Society of South Africa དང་ཀོ་ཝ་ཛུ་ལུ་ན་ཊལ་ནང་ (KwaZulu-Natal) རྟེན་གཞི་བྱས་པའི་ནང་པའི་མཐུན་ཚོགས་ KZN Buddhist Forum གཉིས་ཟུང་འབྲེལ་ཐོག་འདི་ལོའི་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་ཞུས་པ་དང་སྦྲགས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཉི་ཤུ་ཧྲིལ་པོ་འཁོར་ཉིན་འཁེལ་སྟབས་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོ་ཡང་སྲུང་བརྩི་ཞུས་འདུག
མཛད་སྒོའི་ཐོག་མར་ཐེ་ཝན་ནང་པའི་ལྷན་ཚོགས་ཀྱིས་ཞལ་འདོན་གསུང་འདོན་གནང་རྗེས་རྒྱ་གར་རིག་གཞུང་དང་འབྲེལ་བའི་གཞས་སྣ་ཁག་གཅིག་འཁྲབ་སྟོན་གནང་བ་དང་དེ་བཞིན་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་འཐུས་མི་རྣམས་ཀྱིས་གསུང་བཤད་གནང་ཡོད།
ཕྱོགས་མཚུངས་མཛད་སྒོའི་སྐབས་ཚོགས་བཅར་བ་ཁྱོན་མི་གྲངས་བརྒྱ་ཙམ་འདུ་འཛོམས་ཐོག་དྲུང་ཆེ་བསྟན་འཛིན་ཀུན་བཟང་ལགས་ཀྱིས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་བའི་ལོ་རྒྱུས་ཀྱི་བྱུང་རིམ་སོགས་འཁོད་པའི་འབོད་སྐུལ་ཞུ་ཡིག་དང་། ཆུང་སྲིད་རིན་པོ་ཆེ་མཆོག་གི་སྐུ་པར། དེ་བཞིན་བོད་ཀྱི་རྒྱལ་དར་བཅས་མང་ཚོགས་རྣམས་ལ་འགྲེམས་སྤེལ་གནང་ཡོད་པ་མ་ཟད།
སྐབས་དེར་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བསྟན་འཛིན་ཀུན་བཟང་ལགས་ཀྱིས་ཐོག་མར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་རྒྱ་ནག་གིས་འཛིན་བཟུང་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་བའི་བྱུང་རིམ་སོགས་གསལ་བཤད་གནང་བ་དང་སྦྲགས། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་མཚན་རྟགས་བཀོད་པའི་ཕྱི་དྲིལ་ལས་ཁུངས་ཀྱི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་བའི་འབོད་སྐུལ་གྱི་ཞུ་ཡིག་སྒྲོགས་སྦྱང་གནང་འདུག
དེ་རྗེས་ཀོ་ཝ་ཛུ་ལུ་ན་ཊལ་ཏ་མིལ་མཐུན་འབྲེལ་ཚོགས་པའི་ KZN Tamil Federation ཚོགས་གཙོ་སྐུ་ཞབས་རི་ཆ་ཌི་གོ་ཝེན་དར་ Richard Govender ལགས་ཀྱིས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ནས་ད་བར་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་དེ་ནི་སེམས་འཚབ་ཧ་ཅང་བྱེད་དགོས་པ་ཞིག་ཡིན་སྐོར་དང་། དེ་བཞིན་ཁོང་གིས་ཨིན་ཇིའི་གཏམ་དཔེར། སྨྱུག་རྩེ་དེ་དྲི་རྩེ་ལས་རྣོ་ངར་ཆེ་བ་ཡོད། ཅེས་ཤེས་ཡོན་གྱི་ནུས་པ་དེ་དྲག་པོའི་སྟོབས་ཤུགས་ལས་ནུས་པ་ཆེ་བ་ཡོད་སྐོར་མང་ཚོགས་ལ་དྲན་བསྐུལ་གནང་འདུག
དེ་རྗེས་ཀོ་ཝ་ཛུ་ལུ་ན་ཊལ་ནང་པའི་མཐུན་ཚོགས་དང་ཀོ་ཝ་ཛུ་ལུ་ན་ཊལ་ཏ་མིལ་མཐུན་འབྲེལ་ཚོགས་པ་གཉིས་ཀྱི་ཚོགས་གཙོ་བཅས་ཐུན་མོང་གིས། ལྷོ་ཨ་ཕི་རི་ཀའི་སྲིད་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་བསྟུད་མར་མཐོང་མཆན་འབུལ་ལམ་མ་ཞུས་པའི་བྱེད་ཕྱོགས་དེར་སེམས་ཚོར་ཆེན་པོས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
སྤྱིར་ཐེངས་འདིར་པཎ་ཆེན་རིན་པོ་ཆེའི་སྐོར་གྱི་ལས་འགུལ་དེ་ཉིད་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ཆེན་པོ་གསུམ་གྱི་ནང་ཆ་བགོས་ཀྱིས་གྲོང་ཁྱེར་ཇོ་ཧན་ནེས་བྷག་ Johannesburg ནང་སྐུ་ཞབས་སིམ་བྷའེ་ Simbai Kanjere ལགས་ཀྱིས་སྣེ་ཁྲིད་ཡོད་པ་དང་། གྲོང་ཁྱེར་པྲེ་ཏོ་རི་ཡའི་ Pretoria ནང་ལྕམ་སྐུ་ལིན་སེ་མོར་ཊོན་ Ms. Lindsey Morton ལགས་ཀྱིས་གཙོ་སྐྱོང་གནང་བ་མ་ཟད། གྲོང་ཁྱེར་ཌར་བན་ Durban ནང་དུ་སྐུ་ཚབ་དོན་ཁང་བཅས་ཀྱིས་འགན་འཁུར་ཐོག་མང་ཚོགས་ལ་གོ་རྟོགས་ལས་འགུལ་རྒྱ་ཆེ་སྤེལ་འདུག་པ་བཅས།།