༢༠༡༥ ཟླ་ ༥ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །བརྒྱུད་ལམ་ཁག་ནས་ཁུངས་ལྡན་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༨ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༡༠།༣༠ ཙམ་ལ། རྒྱ་གཞུང་ཉེན་རྟོག་པས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ཆོས་འཕེལ་ལགས་གཅིག་བཞད་གྲོང་འདབས་ནས་གློ་བུར་བཙན་འཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་འཛིན་བཟུང་བྱས་པའི་རྒྱུ་རྐྱེན་ཅི་ཡིན་དང་གནས་སྟངས་ག་འདྲ་ཡིན་སོགས་ཤེས་རྟོགས་ཐུབ་མེད། རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱས་པའི་རྒྱུ་རྐྱེན་ཅི་ཡིན་འགྲེལ་བརྗོད་བྱས་མེད་ཀྱང་ས་གནས་བོད་མི་ཚོས། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་རྒྱལ་གཅེས་དཔའ་བོ་སྐལ་བཟང་ཡེ་ཤེས་ལགས་ཀྱིས། རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྐབས། གྲྭ་ཚེ་དབང་ཆོས་འཕེལ་ལགས་ཀྱིས་རྒྱ་གཞུང་ཉེན་རྟོག་པ་ཚོར་མི་འདོད་པའི་རྣམ་འགྱུར་དང་སྦྲགས། རྡོ་བརྒྱབ་པར་བརྟེན། དེ་ནས་བཟུང་རྒྱ་གཞུང་གིས་ཁོང་ལ་དོགས་ཟོན་བྱེད་འགོ་བཙུགས་ཡོད་པ་ས་གནས་བོད་མི་རྣམས་ཀྱིས་ཚོད་དཔག་བྱེད་བཞིན་ཡོད་འདུག གྲྭ་ཚེ་དབང་ཆོས་འཕེལ་ལགས་ནི་རྟའུ་མ་ཟུར་གྲོང་ཚོའི་ཁུ་ཆ་སྡེ་བ་ནས་ཡིན་པ་དང་། ཉ་མཚོ་དགོན་གྱི་འཛིན་གྲྭ་སྐབས་དང་པོ་ནས་ཡིན་འདུག