༢༠༡༥ ཟླ་ ༥ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཁམས་ནགས་ཤོད་འབྲི་རུ་རྫོང་གི་བོད་མི་གཉིས་ལ་རྒྱ་གཞུང་ཉེན་རྟོག་པས་དོན་མེད་རྡུང་རྡེག་བཏང་ནས་རྨས་སྐྱོན་ཚབས་ཆེན་བཟོས་སྟབས། ད་ལྟ་ལྷ་སའི་བོད་ལྗོངས་མི་མང་སྨན་ཁང་ཟེར་བར་སྨན་བཅོས་བྱེད་བཞིན་ཡོད་འདུག དྲ་ལམ་ཁག་ནས་གནས་བཏང་བ་ལྟར། ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་བོད་ནང་གི་མཚན་མོའི་ཆུ་ཚོད་ ༡༡ ཡས་མས་སུ། འབྲི་རུ་རྫོང་ཁོངས་ནས་ཡིན་པའི་བོད་མི་རང་ལོ་ ༥༣ ཅན་རྣམ་རྒྱལ་བསྟན་འཛིན་ཟེར་བ་ཞིག་དང་། སེམས་ཁམས་བདེ་བོ་མེད་པའི་ཁོང་གི་བུ་པད་ཚེ་གཉིས་ལ། སུ་ཡིན་གསལ་བོ་མི་ཤེས་པའི་རྒྱ་མིའི་ཉེན་རྟོག་མི་སྣ་གཉིས་ཀྱིས་སྐད་ཆ་གང་ཡང་མ་བཤད་པར་དོན་མེད་རྡུང་རྡེག་བཏང་སྟེ། མགོ་ལུས་གང་སར་རྨ་ཁ་མང་པོ་བཟོས་ནས་ལུས་ཡོངས་སུ་ཁྲག་གིས་ཁེངས་ཡོད་པ་མ་ཟད། རྣམ་རྒྱལ་བསྟན་འཛིན་ལགས་ཀྱི་རྒྱབ་རུས་བཅག་པ་དང་། མགོ་བོ། མཁལ་མ་སོགས་ཀྱང་བསྣད་ཡོད་པ་རེད་འདུག
ཁྱིམ་མི་གཉེན་འབྲེལ་ཚོས་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ལམ་སང་ཁོང་གཉིས་འབྲི་རུ་རྫོང་སྨན་ཁང་དུ་བསྐྱལ་ཡོད་པ་དང་། རྣམ་རྒྱལ་བསྟན་འཛིན་ལགས་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་སྟབས། དབུགས་ཚབ་བརྒྱབ་པ་དང་ཁྲག་ཁ་གསབ་སོགས་ཛ་དྲག་མྱུར་སྐྱོབ་བྱས་ཡོད། ཕྱི་ཚེས་ ༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༦ པ་ཡས་མས་སུ་ནག་ཆུ་མི་མང་སྨན་ཁང་དུ་ཕྱིན་ཡོད་ཀྱང་། སྨན་ཁང་གིས་གང་མགྱོགས་ལྷ་སར་མ་སོང་ན་སྲོག་ཉེན་ཡོད་སྐོར་བརྗོད་ཡོད་པར་བརྟེན་ལྷ་སར་འགྲོ་དགོས་ཁེལ་ཡོད་འདུག ད་ལྟ་ཁོང་གཉིས་ལ་བོད་ལྗོངས་མི་མང་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ཅིང་། སྨན་ཁང་གིས་བརྟག་དཔྱད་བྱས་པ་བརྒྱུད། རྣམ་རྒྱལ་བསྟན་འཛིན་ལགས་ཀྱི་རྒྱབ་རུས་ཤིག་བཅག་པ་དང་མཁལ་མ་སྐྲངས་བ། ཁྲག་གཅིན་འབབ་པ། མགོ་ལུས་གང་སར་རྨ་ཁ་དང་སྐྲང་འབུར་གྱིས་ཁེངས་ཏེ་གནས་སྟངས་ཚབས་ཆེན་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་འདུག
ཁྱིམ་མི་ཚོས་རྡུང་རྡེག་གཏོང་མཁན་དེ་གཉིས་འབྲི་རུ་རྫོང་ཉེན་རྟོག་ཁང་གི་མི་སྣ་ཡིན་པའི་དོགས་གཞི་འོག རྣམ་རྒྱལ་བསྟན་འཛིན་ལགས་ཀྱི་བུ་མོ་དང་མོའི་ཁྱོ་ག་སོགས་མི་འགའ་རྫོང་ཉེན་རྟོག་ཁང་དུ་སོང་སྟེ། ཁྱེད་ཚོས་ཉེས་མེད་མང་ཚོགས་ལ་རྡུང་རྡེག་བྱེད་ཆོག་གམ། ཁོང་གཉིས་ཀྱིས་ཁྲིམས་འགལ་གྱི་ནག་ཉེས་ག་རེ་བསགས་སོང་། གལ་སྲིད་ཁྲིམས་འགལ་གྱི་ལས་ཀ་བྱས་ཡོད་ན་ཁྲིམས་ལྟར་ཐག་གཅོད་བྱས་ན་འགྲིག་གི་རེད་ཅེས་ལབ་པར། ཉེན་རྟོག་པས་ཁོས་ང་ཚོར་རྒྱུག་ཁྱི་ལབ་པ་མ་ཟད། ཧམ་པ་ཆེན་པོས་དཔའ་ཡོད་ན་ཤོག ཅེས་ཤོར་ཤོར་བྱས་ནས་རྫིག་ཉམས་བསྟན་སོང་ཞེས་ཉེས་འཛུགས་བྱས་ཡོད་འདུག
དེ་ཡང་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་། རྡུང་རྡེག་གཏོང་སྐབས་མི་དེ་གཉིས་ཀྱིས་ཉེན་རྟོག་པའི་གོས་གྱོན་མེད། དེར་བརྟེན་ཁོང་གཉིས་ཀྱིས་ཉེན་རྟོག་པ་ཡིན་མིན་དང་། མི་སུ་ཡིན་མིན་གྱི་གདོང་ཡང་ཡག་པོ་མཐོང་མེད་པས། རྒྱུག་ཁྱི་ཟེར་ནས་ཁ་རྡུང་གཏོང་མི་སྲིད་ལ། རྣམ་རྒྱལ་བསྟན་འཛིན་ལགས་ཀྱིས་མི་སུ་ཡིན་ཤེས་ཀྱི་མི་འདུག་པས་རྒྱུག་ཁྱི་ཞེས་ལབ་མེད་སྐོར་འགྲེལ་བརྗོད་གནང་འདུག
ཉེན་རྟོག་ཁང་གིས་མི་མང་ལ་གང་བྱུང་རྡུང་རྡེག་གཏོང་མཁན་གྱི་ཉེས་ཅན་ཉེན་རྟོག་པ་དེ་གཉིས་ཁྲིམས་ལྟར་བཀག་ཉར་མ་བྱས་པར་བརྟེན། མི་མང་ནང་བློ་ཕམ་ཆེན་པོ་བྱུང་ཡོད་པ་མ་ཟད། ཐེངས་འདིའི་གནད་དོན་དེ་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་དགོས་པའི་སྲིད་བྱུས་དང་འགལ་ཞིང་། ཁྲིམས་འཛིན་མི་སྣས་ཁྲིམས་ལུགས་ལྟར་ལག་ལེན་མ་བྱས་པ་དང་། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་མཐོང་ཆུང་བྱས་པ་བཅས་མཚོན་གྱི་ཡོད་སྟབས། འབྲེལ་ཡོད་མགོ་ཁྲིད་དང་ལས་བྱེད་ཚོས་གནད་དོན་དེ་ཁྲིམས་ལྟར་ཐག་གཅོད་དྲང་པོ་གནང་བའི་རེ་བ་ཤིན་ཏུ་ཆེ་སྐོར་ཡང་བརྗོད་འདུག
སྤྱིར་ནགས་ཤོད་འབྲི་རུའི་ཡུལ་དུ་ ༢༠༡༣ ལོའི་ཟླ་བ་ ༩ པའི་ནང་ས་གནས་ཡུལ་མིས་རྒྱ་ནག་གི་རྒྱལ་དར་རྒྱལ་མོ་རྔུལ་ཆུར་གཡུགས་པའི་ཉིན་མོ་ནས་བཟུང་སྟེ། ད་བར་ཟླ་བ་ ༡༩ ཙམ་སོང་བའི་རིང་ས་གནས་སུ་ཚད་མཐོའི་དམ་དྲག་བྱེད་བཞིན་ཡོད་པ་དང་། དུས་ཚོད་ཧ་ཅང་རིང་པོ་འདིའི་ནང་ས་གནས་སུ་སྐད་འཕྲིན་སོགས་བརྡ་འཕྲིན་ཁག་སྒོ་བརྒྱབ་ནས་ཡོད་ལ། ཁ་པར་ཡང་དུས་ཚོད་མང་ཆེ་བ་འགྲོ་གི་མེད། མཚམས་རེ་ཁ་པར་འགྲོ་གི་ཡོད་ཀྱང་ལམ་སེང་ཉེན་རྟོག་པས་རྩད་གཅོད་བྱས་ནས་ཁ་པར་སུས་བཏང་བ་རེད། ག་རེ་ལབ་སོང་། ག་རེ་བྱེད་མཁན་རེད་ཅེས་སོགས་འདྲི་གཅོད་བྱས་ནས་རྗེས་མ་ཡང་བསྐྱར་ཕྱི་ལོགས་ཁ་པར་བླངས་ན་ཉེས་ཆད་གཅོད་ཀྱི་ཡིན་ཟེར་ནས་སྡིགས་སྐུལ་གཏོང་བཞིན་ཡོད་འདུག