༢༠༡༥ ཟླ་ ༥ ཚེས་ ༢༢ རེས་གཟའ་པ་སངས།
བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་གིས་བསྒྱུར།
༄༅། ། ༼བསྒྱུར་པོའི་མཆན། རྩོམ་ཡིག་འདི་ཨ་རིར་གནས་འཁོད་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་གྲགས་ཅན་རྩོམ་པ་པོ། ཨ་རིའི་རླུང་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གྲགས་ཅན་གསར་འགྱུར་དཔྱད་གླེང་བ་ཁྲེན་ཕོ་ཁུང་གིས་རྩོམ་བྲིས་གནང་འདུག་པ་རྒྱ་ཡིག་གི་དྲ་རྒྱ་ཕལ་ཆེ་བའི་ནང་འགོད་སྤེལ་བྱས་འདུག་ན་གསར་ཤོག་ཀློག་པ་པོས་མཁྱེན་རྟོགས་སླད་བོད་ཡིག་ཏུ་བསྒྱུར་ཡོད་པས་ཐུགས་སྣང་ཡོང་བ་ཞུ།༽
༈ འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༥ ཉིན་མོ་ནི། དེ་སྔའི་རྒྱ་ནག་དམར་གཞུང་གི་སྤྱི་ཁྱབ་དྲུང་ཆེ་ཧུ་ཡའོ་པང་སྐུ་གཤེགས་ནས་མི་ལོ་ ༢༦ སོང་བའི་རྗེས་དྲན་དུས་ཚིགས་ཤིག་རེད། རྒྱ་ནག་གཞུང་གིས་ཉིན་མོ་འདི་གདམ་སྟེ། << བོད་ལྗོངས་འཕེལ་རྒྱས་བགྲོད་ལམ་གྱི་ལོ་རྒྱུས་ཀྱི་གདམ་ག་>>ཅེས་པའི་བོད་ཀྱི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཐེངས་༡༣ པ་འདི་འདོན་སྤེལ་བྱས་པ་རེད། ཧུ་ཡའོ་པང་ནི་རྒྱ་དམར་གཞུང་ནང་ཤིན་ཏུ་དཀོན་པའི་བློ་རྒྱ་ཆེ་བ་དང་བསྒྱུར་བཅོས་པ་ཞིག་ཡིན་པས། ཁོང་གིས་བོད་ལ་གདུང་སེམས་མཉམ་སྐྱེ་གནང་བར་གྲགས་པ་ཆེན་པོ་བྱུང་ཡོད། ཕྱི་ལོ་ ༡༩༨༠ ལོར་ཁོང་བོད་ནང་དུ་ལས་དོན་གཟིགས་ཞིབ་སྐབས་བོད་ནང་གོད་ཆག་ཚབས་ཆེ་བྱུང་རྗེས་ཀྱི་ཡ་ང་བའི་གནས་སྟངས་ལ་སེམས་ཚོར་ཆེན་པོ་བྱུང་སྟེ། བོད་ནང་གི་ཏང་སྲིད་ལས་བྱེད་ཚོགས་ཆེན་ཐོག་ཁོང་གིས་གསུང་ཤུགས་ཆེན་པོས། ངེས་པར་དུ་བོད་ཀྱི་འཚོ་བའི་གནས་བབ་འདི་ཕྱི་ལོ་ ༡༩༥༩ གོང་གི་གནས་ཚད་བར་སླར་གསོ་བྱེད་དགོས་ཞེས་གསུངས་པ་རེད།
ཕྱི་ལོ་ ༡༩༥༩ ལོའི་གོང་གི་བོད་འདི་རྒྱ་དམར་གཞུང་གིས་”ཞིང་བྲན་ལམ་ལུགས་”ཞེས་གཏན་འཁེལ་བྱས་ཏེ། ཆེས་མུན་ནག་ཞེས་དམའ་འབེབས་བྱས་ཡོད་ནའང་། དུས་སྐབས་དེའི་གོང་དུ་བོད་མིས་བོད་བསྐྱངས་ཏེ། རང་ཁ་རང་གསོ་ཐུབ་པར་བརྟེན་དུས་དེའི་རིང་མུ་གེ་རྩ་བ་ནས་བྱུང་མྱོང་མེད། ཕྱི་ལོ་ ༡༩༥༩ ལོར་མའོ་ཙེ་ཏུང་གིས་བོད་ནང་དམངས་གཙོའི་བཅོས་བསྒྱུར་ཟེར་བའི་ལས་འགུལ་སྤེལ་བ་དེས་མངོན་གསལ་དོད་པོས་བོད་རྒྱའི་དབར་བཞག་པའི་”གྲོས་འདུན་དོན་ཚན་བཅུ་བདུན་”ཞེས་པ་བརྩིས་མེད་རྡོག་རོལ་བཏང་བ་རེད།
སྲིད་དབང་སྒེར་གཅོད་པ་ཆེན་པོ་ཞིག་གི་”དམངས་གཙོའི་བཅོས་བསྒྱུར་”བྱེད་པའི་བརྒྱུད་རིམ་དང་དེའི་མཇུག་འབྲས་གང་འདྲ་ཞིག་ཡོང་གི་ཡོད་པ་ནི་བསམ་བློ་བཏང་བ་ཙམ་གྱིས་ཤེས་ཐུབ་པ་རེད། དེ་ནི་གཞི་རྒྱ་ཆེན་པོས་བོད་མིའི་ཐོན་སྐྱེད་ཀྱི་འཚོ་བ་གཏོར་བཤིགས་བཏང་བ་དང་། གཞི་རྒྱ་ཆེན་པོས་བོད་ཀྱི་དགོན་པ་གྲྭ་ཚང་གི་མཚོན་པའི་རིག་དངོས་ཀྱི་གནའ་རྫས་ཤུལ་བཞག་རྩ་བརླག་བཏང་ཞིང་། གཞི་རྒྱ་ཆེན་པོས་ཁྲག་དྲི་བྲོ་བའི་གྲལ་རིམ་འཐབ་རྩོད་ཀྱི་ལས་འགུལ་སྤེལ་སྟེ། བོད་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་མུ་གེ་ཆེན་པོ་བྱུང་ཡོད། དེར་བརྟེན་པཎ་ཆེན་སྐུ་ཕྲེང་བཅུ་པས་སྐབས་དེའི་རྒྱ་ནག་གི་སྲིད་བློན་ཀྲའུ་ཨེན་ལེར་སྙན་ཞུ་ཕུལ་ནས། “བོད་མིའི་ཡ་ང་བའི་གནས་སྟངས་ཏེ། བོད་མི་མང་པོ་ཟ་རྒྱུ་མེད་པའི་དབང་གིས་བཀྲེས་ལྟོགས་ཀྱིས་འདས་གྲོངས་སུ་གྱུར་བ་དང་། འགའ་ཤས་ནང་མི་ཆ་ཚང་ལྟོགས་ཤི་ཐེབས་ཡོད་པ་”སོགས་ཀྱི་གནས་ཚུལ་བཀོད་ཡོད་པ་རེད།
དེང་གི་ཆར་རྒྱ་ནག་ཀྲུང་ནན་ཧེ་༼དབུས་གཞུང་༽ཀྱིས་རྒྱབ་ཤ་དཀར་པོའི་ཡིག་ཆ་འདོན་སྤེལ་བྱས་ཏེ། རྒྱ་དམར་གཞུང་གིས་བོད་ནང་སྤེལ་བའི་སྐྱུག་བྲོ་བའི་ལོ་རྒྱུས་དེ་དག་སྦ་གསང་བྱས་པ་མ་ཟད། ད་དུང་ཆེད་དུ་མངགས་ནས་ཁོང་ཚོའི་དགོས་དབང་ལྟར་ལོ་རྒྱུས་དེ་དག་ནང་གཅོད་གཏུབ་དང་། ཡ་བྲལ་བཏང་སྟེ་དངོས་དོན་སྦས་བསྐུང་ཐོག་རང་འདོད་བཞིན་ལོ་རྒྱུས་མཆོངས་རྒྱག་དང་འདེམས་འགོད་ཀྱིས་འགྲེལ་བརྗོད་བྱས་ཡོད། དེ་དག་གི་དམིགས་ཡུལ་ནི་མུ་མཐུད་དེ་རྒྱ་ནག་གི་མང་ཚོགས་ལ་མགོ་སྐོར་བཏང་དང་གཏོང་བཞིན་པ་དེ་རེད། <<བོད་ཀྱི་རྒྱབ་ཤ་དཀར་པོ་>> ཞེས་པའི་ཁ་བྱང་ཆེ་ཆུང་རྣམས་ལ་ཅིག་ལྟོས་དང་། རྒྱ་ནག་གཞུང་གིས་གཅིག་ལབ་བརྒྱབས་ནས་ཤ་བ་ལ་རྟ་རེད་ཟེར་བ་དང་། དཀར་ནག་གོ་ལྡོག་ཀྱང་ཇེ་བཀབ་ཇེ་གསལ་ཆགས་ཏེ། སྔོ་ལོ་ལངས་འཕྱར་གྱི་ལས་ཀ་ཤ་་སྟག་བྱས་དང་བྱེད་མུས་ཡིན་པ་གསལ་པོར་རྟོགས་ཐུབ་ཀྱི་འདུག
དེ་ཡང་། <<བོད་ཀྱི་རྒྱབ་ཤ་དཀར་པོ་>> ཞེས་པའི་ཁ་བྱང་དང་པོ་སྟེ། “ལམ་ལུགས་རྙིང་པ་བོད་ཀྱི་ལོ་རྒྱུས་སྟེགས་བུ་ནས་ཕྱིར་འཐེན་བྱེད་རྒྱུ་ནི་ལྡོག་ཐབས་མེད་པ་ཞིག་ཡིན་པ།”ཟེར་བའི་སྐད་ཆ་ཤོད་སྟངས་འདི་དག དེ་སྔོན་འཇར་པན་གྱིས་རྒྱ་ནག་ལ་བཙན་འཛུལ་བྱེད་སྐབས། ལམ་ལུགས་རྙིང་པ་རྒྱ་ནག་གི་ལོ་རྒྱུས་སྟེགས་བུ་ནས་ཕྱིར་འཐེན་བྱེད་རྒྱུ་ནི་ལྡོག་ཐབས་མེད་པ་ཞིག་ཡིན་པ།”ཞེས་ཁ་གཡར་བའི་སྐད་ཆ་བཤོད་སྟངས་དང་གཅིག་པ་གཅིག་རྐྱང་ཆགས་ཡོད་སྟབས་མི་རྣམས་ངུ་བགད་མི་ཤེས་པར་གྱུར་ཡོད། དུས་ནམ་ཞིག་ལ་རྒྱ་ནག་གཞུང་གིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྒེར་གཅོད་དང་། རུལ་སུངས། འགྲོ་བ་མིའི་རིགས་ལ་ངོ་རྒོལ་བྱེད་པའི་ལམ་ལུགས་འདི་ཏན་ཏན་རྒྱ་ནག་གི་ལོ་རྒྱུས་སྟེགས་བུ་ནས་ཕྱིར་འཐེན་བྱེད་རྒྱུ་ནི་ལྡོག་ཐབས་མེད་པ་ཞིག་ཡིན་པ་རྒྱ་ནག་གཞུང་གིས་ཤེས་རྟོགས་ཡོང་རྒྱུ་ཡིན་ན། ཁ་བྱང་འདི་རང་ཉིད་ལ་དཔར་བཤུས་བྱས་པ་དང་གཉིས་སུ་མེད།
ཁ་བྱང་གཉིས་པ་སྟེ། “བོད་གསར་པ་ཡང་དག་པའི་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་པ།”ཞེས་པ་འདིས། དུས་རབས་ཕྱེད་ལྷག་ཙམ་རིང་བོད་མི་མང་དང་རྒྱ་ནག་མི་མང་མཉམ་དུ་བརྒྱུད་མྱོང་བའི་གོད་ཆག་དང་དཀའ་སྡུག་སྟེ། ཁྲག་དྲི་བྲོ་བའི་དམངས་གཙོའི་བཅོས་བསྒྱུར་དང། མདུན་མཆོངས་ཆེན་མོ། མི་མང་སྤྱི་ཁང་། མུ་གེ་ཆེན་པོའི་དུས་སྐབས། རིག་གནས་གསར་བརྗེ་དང་དེའི་རྗེས་ཀྱི་བསྒྱུར་བཅོས་སྒོ་དབྱེ་ཟེར་བའི་མཇུག་གི་དཔོན་ངན་ཚོའི་ལྐོག་ཟ་རུལ་སུངས་བཅས་ལས། དབུལ་ཕྱུག་ཁ་བྲལ་བ་དང་། བོད་མི་རྣམས་མཐར་འབུད་པའི་གནས་སྟངས་འདི་དག་མི་རྣམས་ལ་དྲན་གསོ་གཏོང་རྒྱུ་ལས་གཞན་ཅི་ཡང་མ་རེད། ཁ་བྱང་འདིས་རང་གི་སྐྱོན་རྣམས་ཇེ་བཀབ་ཇེ་གསལ་དུ་བཏང་ཡོད་པ་རེད།
ཁ་བྱང་གསུམ་པ་སྟེ།” དབུ་མའི་ལམ”གྱི་ངོ་བོ་ནི་ཀྲུང་གོ་ཁ་ཕྲལ་གཏོང་རྒྱུ་དེ་རེད།”ཅེས་བཤད་ཀྱང་། ཏཱ་ལའི་བླ་མ་མཆོག་གིས་”དབུ་མའི་ལམ་”གྱི་བཞེངས་ཕྱོགས་འདོན་གནང་མཛད་དགོས་དོན་ནི། བོད་འདི་ཉིད་རྒྱ་ནག་གི་མངའ་ཁོངས་སུ་བསྡད་དེ། དོན་དམ་གྱི་རང་སྐྱོང་ལག་བསྟར་ཡོང་རེ་གནང་ཡོད། འདིའི་ཐད། རྒྱ་ནག་དབུས་གཞུང་གིས་ཁ་བྲལ་ལ་དེ་ཙམ་འཇིགས་སྣང་མེད་ཀྱང་། རང་སྐྱོང་བྱ་རྒྱུར་འཇིགས་སྣང་སྐྱེ་ཡི་ཡོད། གང་ཡིན་ཞེ་ན། རང་སྐྱོང་གང་རུང་ཞིག་བྱས་པ་ཡིན་ན། དེས་རྒྱ་ནག་དམར་གཞུང་རུལ་སུངས་ཤོག་ཁག་གིས་ཐོབ་ཟིན་པའི་ཁེ་ཕན་རྣམས་ཤོར་འགྲོ་ཡི་ཡོད། ཧོང་ཀོང་གི་རང་སྐྱོང་སྟེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཞེས་པ་དོན་དངོས་ལག་ལེན་བྱུང་ན། དེས་རྒྱ་དམར་གཞུང་གི་དཔོན་རིགས་ཚོས་ཧོང་ཀོང་འདི་ཁོང་ཚོའི་ལྐོག་དངུལ་བརྗེ་ལེན་བྱེད་ཡུལ་ལྟེ་གནས་ཤིག་བསྒྱུར་རྒྱུར་གནོད་སྐྱོན་བཟོ་ཡི་ཡོད་པ་རེད།
རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་ནང་བྱ་ལོག་སྤྱོད་ལོག་བྱས་པ་དེས། ཐད་ཀར་ཧོང་ཀོང་གིས་རང་བཙན་རྩོད་ལེན་བྱེད་པའི་འདུ་ཤེས་སྐྱེ་འཕེལ་བྱུང་ཡོད། རྒྱ་ནག་ཁ་བྲལ་གཏོང་མཁན་གྱི་རྐྱེན་རྩ་གཙོ་བོ་དེ་ཐོག་མ་ཉིད་ནས་གུང་ཁྲན་ཏང་ཆགས་ཡོད། གུང་ཁྲན་ཏང་གིས་མི་སེམས་དཀྲུག་ནས་ཁ་བྲལ་གཏོང་རྒྱུ་ངན་པ་རྒྱུན་གཤིས་སུ་གྱུར་བར་བརྟེན། མི་སེམས་ཁ་བྲལ་འགྲོ་རྒྱུ་དེ་མངའ་ཁོངས་ཁ་བྲལ་འགྲོ་རྒྱུའི་སྔོན་ལ་ཡིན་པས་སྐྱོན་ཆ་དེ་བས་ཆེ་བ་ཡོད། ” དབུ་མའི་ལམ”ནི་མ་གཞི་ཏཱ་ལའི་བླ་མས་རྒྱ་ནག་ལ་བཟང་ཕྱོགས་ཀྱི་བརྡ་ལན་ཆེ་ཤོས་སྤྲད་ཡོད་ཀྱང་། རྒྱ་ནག་གཞུང་གིས་” དབུ་མའི་ལམ”ངོས་ལེན་མ་བྱས་པ་དེ་ནི། བོད་མིའི་ནང་གི་ཞི་འཇམ་ཤོག་ཁག་ཁས་ལེན་མ་བྱས་པར་། བོད་མིའི་ནང་གི་དངོས་འབྲེལ་རང་བཙན་རྩོད་ལེན་བྱེད་མཁན་གྱི་མི་དང་དེའི་སྒྲིག་འཛུགས་ལ་སྐུལ་འདེད་བཏང་ཡོད། རྒྱ་ནག་གཞུང་གི་སྨྱོ་ཧམ་དང་མིག་རྒྱང་ཐུང་བའི་བྱ་སྤྱོད་དེས། མ་འོངས་པའི་བོད་རྒྱ་གཉིས་གདོང་ཐུག་དང་། རྒྱ་བོད་གཉིས་ཁ་བྲལ་འགྲོ་རྒྱུར་དུས་བཀག་འབར་མདེལ་སྦས་ཡོད་ན། ཁ་བྱང་འདིས་རྐུ་མས་རྐུ་མ་བཟུང་ཞེས་བརྗོད་པ་རང་རེད།
ཁ་བྱང་བཞི་པ་སྟེ།“ཞི་བདེ”དང“འཚེ་མེད་ཞི་བའི”ལྟར་སྣང་། ཞེས་པའི་འགོ་བརྗོད་འདིའི་འོག རྒྱ་ནག་གཞུང་གིས་༡༩༥༩ ལོར་བོད་ཐོག་དམག་འཁྲུག་དང་། ༡༩༨༩ ལོ་དང་། ༢༠༠༨ ལོར་རྒྱ་ནག་གཞུང་གིས་རྫུན་ཆས་སྤྲད་པའི་གསང་མྱུལ་གྱིས་བསླངས་པའི་ཁྲག་དྲི་བྲོ་བའི་གདོང་ཐུག་དང་། ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་གདུག་རྩུབ་ཆེ་བའི་དྲག་གནོན་དབང་བསྒྱུར་འོག་བོད་མི་རྣམས་རང་ལུས་མེར་སྲེག་བཏང་བའི་འབྱུང་རྐྱེན་སོགས་ཚང་མ་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་མཆོག་ལ་མ་ཉེས་ཁ་གཡོག་བྱས་འདུག་ཀྱང་། རྒྱ་ནག་གཞུང་གིས་ངེས་པར་དུ་རང་སྐྱོན་རང་ཞིབ་བྱེད་དགོས་པ་སྟེ། བོད་མིས་རང་ལུས་མེར་སྲེག་གཏོང་ཡུལ་ནི། གུང་ཁྲན་ཏང་གིས་དབང་བསྒྱུར་འོག་ཡོད་པའི་བོད་ཁུལ་དུ་ཡིན་པ་ལས། རྒྱལ་ཁབ་ཕྱི་རོལ་དུ་མ་རེད། ཡང་སྙིང་ཏཱ་ལའི་བླ་མ་མཆོག་གིས་བཀའ་སློབ་གནང་རྒྱུར་སྐྱོན་ལྷག་པ་ཡིན་དང་། ཡང་ན་རྒྱ་ནག་གཞུང་གིས་བོད་སྐྱོང་སྲིད་བྱུས་ལ་སྐྱོན་ལྷག་པ་ཡིན་ནམ། བོད་མི་བརྒྱ་དང་སུམ་ཅུ་སོ་གྲངས་གིས་རང་ལུས་མེར་སྲེག་པ་ནི། འགྲོ་བ་མིའི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ཤིན་ཏུ་ཡ་ང་བའི་གོད་ཆག་ཅིག་རེད། འདི་ལྟ་བུའི་ཡ་ང་བའི་འགོག་རྒོལ་འདིར། རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་རང་སྐྱོན་རང་བརྟག་དང་། སྒོ་བརྒྱབ་ནས་སྐྱོན་ཞིབ་མ་བྱས་པ་གང་ཡིན་ནམ། ཁ་བྱང་འདིས་རང་མདོག་རང་གིས་བསྟན་ཞེས་བརྗོད་ན་འཚམ་ཤོས་རེད།
ཁ་བྱང་ལྔ་པ་སྟེ། “ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་འཛིན་པའི་སྲིད་བྱུས།” ཞེས་པའི་འགོ་བརྗོད་འདིའི་འོག རྒྱ་ནག་གཞུང་གིས་ལོ་རྒྱུས་ལ་འཁྱོག་བཤད་དང་། ལྐོག་ཏུ་བརྗེ་པོ་རྒྱག་པ། ཞྭ་དཔེ་ལྷམ་འགེབས་བཅས་ནམ་མཁར་མི་ཤོང་བའི་རྫུན་གཏམ་རབས་དང་རིམ་པ་ཁྱབ་སྤེལ་བྱས་ཡོད། དེ་ཡང་། རྒྱ་ནག་གཞུང་གིས་”ཏཱ་ལའི་བླ་མའི་ཁྲིམས་མཐུན་གྱི་མཚན་གནས་ཀྱི་འབྱུང་རྩ་རྒྱ་ནག་དབུས་གཞུང་”ནས་ཡིན་ཚུལ་བརྗོད་ཡོད་ཀྱང་། དོན་དངོས་ཐོག་”ཏཱ་ལའི་བླ་མའི་མཚན་གནས་ཀྱི་འབྱུང་རྩ་”སོག་པའི་རྒྱལ་པོས་ཕྱི་ལོ་༡༥༧༨ ལོར་ཕུལ་བ་ཞིག་རེད། སྐབས་དེའི་རྒྱ་ནག་དབུས་གཞུང་ནི་མིང་རྒྱལ་རབས་ཡིན་པ་དང་། རྒྱ་ནག་གི་མི་ལོ་ཉིས་བརྒྱའི་སྔོན་དུ་༼ཕྱི་ལོ་༡༣༦༨ ༽སོག་པོའི་མི་སེར་སྤེལ་ཡུལ་འོག་ནས་རྒྱལ་ཁབ་སླར་གསོ་བྱུང་ཡོད། རྒྱ་ནག་གཞུང་གིས་སླར་ཡང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་དང་མན་ཇུའི་དབར་གྱི་འབྲེལ་བ་གླེང་ཡོད། ཤེས་དགོས་པ་ཞིག་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་དང་མན་ཇུའི་དབར་མཆོད་ཡོན་གྱི་འབྲེལ་བ་བཙུགས་ཡོད་པ་དེ་ནི་ཕྱི་ལོ་༡༦༣ ལོར་ཡིན་ཞིང་། སྐབས་དེའི་རྒྱ་ནག་གི་དབུས་གཞུང་ནི་སྔར་བཞིན་མིང་རྒྱལ་རབས་ཆགས་ཡོད། ཕྱི་ལོ་༡༦༤༤ ལོར་སྐབས་དེའི་རྒྱ་ནག་གཞུང་མན་ཇུས་རྩ་མེད་བཟོས་པ་རེད།
རྒྱ་ནག་དམར་གཞུང་གིས་མིང་རྒྱལ་རབས་དེ་བཞིན་རྒྱ་ནག་གི་དབུས་གཞུང་ཡིན་པར་ཁས་ལེན་མི་བྱེད་པར། དེ་ལས་སོག་པོའི་བྱང་ཕྱོགས་སུ་ཕྱིར་འཐེན་བྱས་ནས་བསྡད་པའི་སོག་པོའི་རྒྱལ་རྒྱུད་དེ་རྒྱ་ནག་གི་ལྕགས་རི་རིང་པོའི་ཕྱིར་གནས་པའི་༼ཅིན་རྒྱལ་རབས་རྗེས་མ་༽ མན་ཇུའི་སྲིད་དབང་དེ་རྒྱ་ནག་གི་དབུས་གཞུང་ལ་ངོས་ལེན་བྱས་པ་ནི་བསམ་ཡུལ་ལས་འདས་ཤིང་། དངོས་གནས་ཀླད་པ་འཁྲུགས་པ་རང་རེད། རྒྱ་ནག་དབུས་གཞུང་གི་བསྟི་གནས་ཀྲུང་ནན་ཧེ་ཡི་འགོ་གཙོ་རྣམས་ཀྱིས་མ་གཞི་བྱས་ན་བོད་འདི་སྔར་ནས་བཟུང་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་ར་སྤྲོད་བྱེད་བསམ་ནའང་། དེ་ལས་ལྡོག་སྟེ་བོད་འདི་སྔ་མོ་ནས་བཟུང་རྒྱ་ནག་གི་ཆ་ཤས་མ་ཡིན་པ་ར་སྤྲོད་བྱས་ཡོད་པ་རེད། ཁ་བྱང་འདི་སྔོ་ལོ་ལངས་འཕྱར་ཞེས་བརྗོད་ན་འོས་ཤོས་རེད། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༩ ལ།།
གནས་ཚུལ་འབྱུང་ཁུངས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་རྒྱ་སྐད་སྡེ་ཚན་དང་བོ་ཤུན་རྒྱ་ཡིག་དྲ་རྒྱ་(boxun.com)