༢༠༡༥ ཟླ་ ༥ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༤ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༥ ཉིན་མན་ཌི་ཁྱབ་ཁོངས་ས་གནས་འཐུས་ཚོགས་སྐབས་བརྒྱད་པའི་འཐུས་མི་གྲངས་ ༡༡ བདམས་ཐོན་ཁོངས་འཐུས་མི་གྲངས་ ༡༠ དང་། ཚོགས་གཙོ། ཚོགས་གཞོན་བཅས་ཀྱིས་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱི་མདུན་ནས་ལས་ཁུར་དམ་འཅའ་འབུལ་བཞེས་གནང་སྒོ་ཁག་ལེགས་གྲུབ་བྱུང་ཡོད།
ས་གནས་དམ་འབུལ་གྱི་ཕྱོགས་བསྐྱོད་དང་སྟབས་བསྟུན། ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱིས་ཚེས་ ༤ ཉིན་རྒྱབ་ཆུ་ཚོད་ ༢།༠༠ ནས་ ༣།༠༠ བར་སྤོན་ཊོ་བཀྲ་ཤིས་གླིང་དང། ཚེས་ ༥ ཉིན་རྒྱབ་ཆུ་ཚོད་ ༢།༠༠ ནས་ ༣།༠༠ མན་ཌི། ཚེས་ ༦ སྔ་དྲོ་ཆུ་ཚོད་ ༨།༠༠ ཐོག་མཚོ་པདྨ་བཅས་ས་གནས་སོ་སོར་ས་གནས་འགོ་འཛིན་དང་ལས་དྲུང་། ས་འཐུས། རང་བདེན་ཚོགས་གཙོ། དགོན་སྡེའི་སྐུ་ཚབ། སྤྱི་མི། མི་མང་བཅས་ཁྱོན་བསྡོམས་མི་གྲངས་ ༡༢༢ ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད་པ་དང། སྐབས་མཚམས་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་བཅས་ཀྱི་གསར་འགྱུར་སྙིང་བསྡུས་སུ།