༢༠༡༥ ཟླ་ ༥ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འདི་ལོའི་སྔོན་རྩིས་ལྟར་ན་ད་ཆ་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་མ་དངུལ་གནས་བབ་ཇེ་བཟང་དུ་སོང་ཡོད་པ་གསལ་པོ་ཆགས་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གྲོས་ཚོགས་སུ་རྩིས་ལོ་ ༢༠༡༡ ་་ ༡༢ ལོར་ཁྱོན་འགྲོ་གྲོན་ཧིན་སྒོར་ས་ཡ་ ༡༠༢༥ འཆར་འབུལ་ཞུས་འདུག་པ་དང་། རྩིས་ལོ་ ༢༠༡༥ ་་ ༡༦ ལོའི་སྔོན་རྩིས་སུ་ཁྱོན་འགྲོ་གྲོན་ཧིན་སྒོར་ས་ཡ་ ༢༠༠༨ འཆར་འབུལ་ཞུས་འདུག་པ་ལྟར་ན་ལོ་བཞིའི་ནང་ཧ་ལམ་སྔོན་རྩིས་འགྲོ་གྲོན་ལྡབ་གཅིག་གི་མང་བ་འཕར་འདུག དེ་ཡང་རྒྱ་གར་དང་ཨ་རི་སོགས་པའི་ནང་སྔོན་རྩིས་དང་རྒྱུན་གྲོན་བརྒྱ་ཆ་ཉི་ཤུ་ཙམ་གཅོག་ཆ་གནང་ཡོད་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཡར་འཕར་བའི་གནས་སྟངས་མ་ཟད་སྒྲིག་འཛུགས་འདི་བཞིན་བཙན་བྱོལ་བའི་གནས་བབ་སུ་ཡོད་མུས་ཐོག་སྔོན་རྩིས་ཇི་ཙམ་མང་བ་འཕར་ཡོད་ཀྱང་དེ་ཙམ་སྒྲིག་འཛུགས་ངོས་ནས་དགོས་དངུལ་ཐབས་འཚོལ་ཐུབ་པ་བྱུང་སྟེ་དཔལ་འབྱོར་གནས་བབ་ཇེ་བཟང་དུ་སོང་ཡོད་པ་ཁ་གསལ་ཐུབ་པ་བྱུང་ཡོད། དེ་ཡང་དཔལ་འབྱོར་བཀའ་བློན་མཆོག་གིས་གྲོས་ཚོགས་སུ་ལོ་འདིའི་སྔོན་རྩིས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་སྐོར་གཤམ་གསལ་ལྟར་སྙན་སྒྲོན་ཞུས་འདུག
རྩིས་ལོ་ ༢༠༡༤ ཟླ་ ༣ ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཡོངས་མ་དངུལ་ཧིན་སྒོར་ས་ཡ་ ༡༩༦༥་༢༥ ཡིན་པ་དང་། དེའི་ཁོངས་སྔོན་རྩིས་མ་དངུལ་ཧིན་སྒོར་ས་ཡ་ ༣༨༣་༤༢ ཡིན་འདུག གཏན་འཇགས་མ་དངུལ་ས་ཡ་ ༢༠༨་༥༦ དང་། ལས་ཁུངས་སོ་སོའི་ཟུར་བཀོལ་མ་དངུལ་ས་ཡ་ ༨༧༣་༥༩ ཡིན་སྐོར་གསུངས་འདུག གཞན་ཡང་ཟུར་བཀོལ་ཁོངས་སུ་ལས་འཆར་དངུལ་ལྷག་ཧིན་སྒོར་ས་ཡ་ ༤༩༩་༦༨ ཡོད་པའང་སྙན་སྒྲོན་གནང་འདུག་པ་བརྟེན་གོང་གསལ་མ་དངུལ་གནས་བབ་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༡ ཉིན་གྱི་གནས་བབ་དང་མཚུངས་བསྡུར་བྱས་ཚེ་སྔོན་རྩིས་མ་དངུལ་ས་ཡ་ ༦༣་༢༧ འཕར་ཡོད་པ་དང་། དེ་བཞིན་གཏན་འཇགས་དང་ལས་ཁུངས་སོ་སོར་ཡོད་པའི་ཟུར་བཀོལ་མ་དངུལ་སྒོར་ས་ཡ་ ༡༤་༣༡ དང་། སྒོར་ས་ཡ་ ༡༥༩་༣༧ སོ་སོར་ཡར་རྒྱས་ཕྱིན་འདུག
གཞན་ཡང་དཔལ་འབྱོར་བཀའ་བློན་མཆོག་གིས་རྩིས་ལོ་ ༢༠༡༥་་༡༦ ལོའི་ཁྱོན་འགྲོ་གྲོན་ཧིན་སྒོར་ས་ཡ་ ༢༠༠༨་༩༨ ཡིན་པ་གྲོས་ཚོགས་ཀྱི་བཀའ་འཁྲོལ་ཡོང་ཆེད་འཆར་འབུལ་ཞུས་འདུག་པ་དེའི་ཁོངས་མང་ཚོགས་ཀྱི་གང་ཅིའི་བདེ་དོན་དང་འཛུགས་སྐྲུན་སོགས་ཀྱི་ཆེད་ཧིན་སྒོར་ས་ཡ་ ༡༤༢༦་༩༠ ཞུས་འདུག་པ་དང་། དེ་མིན་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འགྲོ་གྲོན་ཆེད་ཧིན་སྒོར་ས་ཡ་ ༥༨༢་༠༨ ཞུས་འདུག
རྩིས་ལོ་འདིའི་ནང་གལ་ཆེའི་ལས་དོན་མང་དག་འཆར་འགོད་གནང་འདུག་པའི་ཁོངས་སུ་༸རྒྱལ་བའི་སྐུ་ཕྱྭ་དང་། སྐུའི་གྱ་སྟོན། ཤེས་ཡོན། སྨན་བཅོས་ལྟ་སྐྱོང་ལས་གཞི། ཉམ་ཐག་ལྟ་སྐྱོང་། ཚོང་ལས། ཞི་ཆགས་སྲ་བརྟན། བུད་མེད་ཀྱི་ནུས་ཤུགས་སྤེལ་རྒྱུ། བོད་ནས་གསར་དུ་འབྱོར་བར་སྣེ་ལེན་དང་སློབ་ཡོན་གནང་རྒྱུ་སོགས་ཀྱི་ལས་འཆར་མང་དག་ཅིག་བང་སྒྲིག་གནང་འདུག་པ་སོགས་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་གྲོས་ཚོགས་སུ་སྙན་སྒྲོན་དང་སྦྲགས་སྤྱི་ཡོངས་དཔལ་འབྱོར་གནས་བབ་ད་ལྟའི་ཆར་གོང་གསལ་ལྟར་མི་དམན་ཙམ་ཡོད་སྐོར་གསུངས་ཡོད་པ་མ་ཟད། ད་དུང་ཡར་རྒྱས་འགྲོ་ཐབས་སུ་བཀའ་ཤག་ནས་མུ་མཐུད་དགོངས་བཞེས་དང་འབད་བརྩོན་གནང་རྒྱུ་ཡིན་སྐོར་ཡང་གསུངས་འདུག
གཞན་ཡང་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་སྐབས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱིས། དཔལ་འབྱོར་དང་། ཚོང་ལས། རིག་གཞུང་། གཞིས་ཆགས་སྲ་བརྟན་དང་ཡར་རྒྱས་ཀྱི་ལས་གཞིའི་ཆེད་འདས་པའི་ཟླ་བ་དྲུག་ནང་ཧིན་སྒོར་ས་ཡ་ ༥༠༠ ཙམ་བསྡུ་འགོད་གནང་ཐུབ་པ་བྱུང་སྐོར་གསུངས་འདུག དེ་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ཐོག་དུས་ཐུང་ཟླ་དྲུག་ནང་དཔལ་འབྱོར་བསྡུ་རུབ་འཕོན་ཆེ་ཤོས་གནང་ཐུབ་པ་ཆགས་འདུག
དེ་ལྟ་བུའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་སོགས་ཀྱི་གནས་བབ་ད་ལྟའི་ཆར་མི་དམན་ཙམ་ཡོད་པ་ནི་གཙོ་ཆེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེའི་བཀའ་དྲིན་དང་། མི་རབས་བགྲེས་པ་ཚོ་དང་ད་ལྟའི་བཀའ་ཤག་དང་འདས་པའི་བཀའ་ཤག་རིམ་བྱོན། དེ་བཞིན་སྲི་ཞུའི་ལས་བྱེད་རྣམ་པས་སྐུལ་ངལ་བསྐྱོན་པའི་གྲུབ་འབྲས་ཡིན་པ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་ཡོད་འདུག་པ་ལྟར་ལགས་པ་བཅས།།