༢༠༡༥ ཟླ་ ༥ ཚེས་ ༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡ ཉིན་རྡ་སར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སྣེ་ལེན་ཁང་དུ་ལས་བྱེད་དམིགས་སྒོའི་ཟབ་སྦྱོང་དབུ་འཛུགས་གནང་འདུག དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་ཚོགས་བཅར་བ་ཡོངས་ཞུགས་གྲལ་དུ་འཁོད་མཚམས། གསོལ་ཇ་འབྲས་སིལ་ཕུལ། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་རྗེས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་སྲོག་བློས་གཏོང་གནང་མཁན་རྣམས་ཀྱིས་གཙོས་ཉེ་ལམ་བལ་ཡུལ་དང་རྒྱ་གར་བྱང་ཕྱོགས། དེ་བཞིན་བོད་བཅས་ཀྱི་ནང་ས་ཡོམ་གྱི་གོད་ཆག་ཚབས་ཆེའི་འོག་གནོད་འཚེ་ཕོག་མི་འདས་སོན་ཡོངས་ལ་སྨོན་ལམ་གསོལ་འདེབས་དང་སྦྲགས། མྱ་ངན་ངག་བཅད་སྐར་མ་གཅིག་རིང་གནང་། དེ་ནས་འདེམས་ལྷན་ཚོགས་གཙོ་མཆོག་གིས་ཟབ་སྦྱོང་གི་དགོས་དམིགས་རྣམས་ངོ་སྤྲོད་གནང་བསྟུན། འདེམས་ལྷན་དྲུང་ཆེས་སློབ་ཁྲིད་གནང་མཁན་དགེ་རྒན་རྣམས་ངོ་སྤྲོད་དང་སློབ་ཚན་སྐོར་གསལ་བཤད་གནང་།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་དོན། དེ་སྔ་ཟབ་སྦྱོང་ཐེངས་དང་པོ་དང་གཉིས་པའི་ཐོག་གནས་ཚུལ་ཐེངས་རེ་གཉིས་བྱུང་ཡོད། དང་པོ་དེ་དགེ་རྒན་གྱིས་ཟབ་ཁྲིད་གནང་སྐབས་སློབ་མ་རེ་ཟུང་གིས་སོ་སོའི་ལག་ཐོགས་ཁ་པར་སྔོག་གིན་བསྡད་པ་ཕྱི་མིས་པར་བརྒྱབ་སྟེ་དྲ་རྒྱའི་ནང་སྟོན་པ་དེ་འདྲ་བྱུང་ཡོད། གཉིས་པ་དེ་སྲི་ཞུ་བ་ཁག་གཅིག་མཚན་མོ་ཕྱིས་པོ་ཉལ་ཁང་ནང་ལོག་པའི་གནས་ཚུལ་དེ་འདྲ་བྱུང་ཡོད། དེར་བརྟེན་ཁྱེད་རང་ཚོས་ལས་བྱེད་མ་ཆགས་གོང་མིང་ཆད་ཆེན་པོ་ཆགས་ཉེན་ཡོད།
གཞི་རྩའི་སྲི་ཞུ་བ་ཚོར་མི་མང་གིས་སྐྱོན་བརྗོད་བྱེད་དགོས་དོན་ནི། མི་མང་གིས་སྲི་ཞུ་བར་ཡིད་ཆེས་དང་རེ་བ། རྒྱབ་སྐྱོར་དང་ཤ་ཞེན་ཆེན་པོ་བྱེད་བཞིན་ཡོད། མི་མང་གིས་སྐྱོན་འཛུགས་དེ་དོན་མེད་པའི་སྐྱོན་འཛུགས་ཤིག་མིན། ཁྱེད་རང་ཚོ་བཞུགས་སྒར་དུ་སྲི་ཞུ་བ་བྱེད་དུ་བསླེབས་པ་ཡིན་སྟབས། རྣམ་པ་ཚོས་གཟབ་གཟབ་ཐོག་ནས་སློབ་སྦྱོང་ཐོག་ལ་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། རྣམ་པ་ཚོར་ཟབ་སྦྱོང་སྤྲོད་ཆེད་ལས་བྱེད་འདེམས་ལྷན་ནས་བཀའ་ཤག་ལ་འབུམ་བཅུ་གཅིག་གི་སྔོན་རྩིས་བཀའ་འཁྲོལ་ཞུས་ཡོད། ཟབ་སྦྱོང་སྐབས་སློབ་སྦྱོང་ཡག་པོ་མ་བྱས་ན། ཁྱེད་རང་ཚོའི་དུས་ཚོད་འཕྲོ་བརླག་དང་བོད་མི་སྒྲིག་འཛུགས་ཀྱི་དངུལ་ཡང་འཕྲོ་བརླག་རེད། དེར་བརྟེན་ཁྱེད་རང་ཚོས་དེ་རིང་ཉིན་དང་པོ་རང་ནས་སྲི་ཞུ་བ་བྱེད་རྒྱུ་ཡིན་མིན་བསམ་བློ་ཡག་པོ་གཏོང་དགོས། ད་ལྟ་དྲུང་ཆེས་གསུངས་པ་ལྟར། སོ་སོ་འཚོ་བ་བསྐྱལ་ཏེ་དཔལ་འབྱོར་ཡག་པོ་བཟོ་དགོས་བསམས་ན་ཚོང་རྒྱག་རྒྱུས་མཚོན་ཐབས་ལམ་གཞན་མང་པོ་ཡོད།
མི་ཐོག་རྒན་པ་ཚོ་དང་དམིགས་བསལ་སྲི་ཞུ་བ་ཚོས་སྐུ་ལས་སྐྱོན་པར་བརྟེན་ད་ལྟ་ཡིན་ནའང་བོད་མིའི་སྒྲིག་འཛུགས་འདི་ཧྲ་ཏག་ཏག་གནས་ཡོད། ཁ་སང་ཨ་རིའི་ཞི་བདེ་བསྟི་གནས་ཁང་ United States Institute of Peace དང་། དེ་བཞིན་ནོར་ཝེ་བཅས་སོགས་ནས་ཡིན་པའི་གཞུང་གི་དཔོན་རིགས་ཚོ་འདིར་བསླེབས་སྐབས་འཛམ་གླིང་ནང་སྐྱབས་བཅོལ་བ་མང་པོ་ཡོད་པའི་ནང་ནས་ཚགས་ཚུད་ཤོས་དང་དོན་སྨིན་ཆེ་ཤོས་བོད་མིའི་སྒྲིག་འཛུགས་ལས་ལྷག་པ་མི་འདུག ཅེས་བརྗོད་མཁན་ཤ་སྟག་རེད་འདུག བོད་མིའི་སྒྲིག་འཛུགས་ལ་ཨ་རི་གཞུང་དང་རྒྱ་གར་གཞུང་། དེ་བཞིན་ཕྱི་རྒྱལ་ཁག་བཅས་ནས་མཐོང་ཧ་ཅང་གནང་གི་འདུག སྒྲིགའཛུགས་འདིའི་ནང་ཁྱེད་རང་ཚོ་འཛུལ་ཞུགས་བྱེད་ཀྱི་ཡོད།
སྤྱི་ཡོངས་ནས་བོད་པའི་སྤྱི་ཚོགས་ནས་བོད་མིའི་སྒྲིག་འཛུགས་ནང་སྤུན་མཆེད་ཡོད་མཁན་ཚོ་མ་གཏོགས་ལས་བྱེད་ཚུད་ཀྱི་མེད་པ་དང་། ལྐོག་བཟའ་རུལ་སུངས་ཡོད་རེད་ཅེས་བཀའ་མོལ་ཡོང་གི་ཡོད། ངས་མཐོ་སློབ་ཁག་དང་མང་ཚོགས་ཐུག་སྐབས་དེ་འདྲ་བྱེད་མཁན་ཡོད་ན་ངར་ཐད་ཀར་ཡི་གེ་གཏོང་རོགས་ཞེས་བརྗོད་རྒྱུ་བྱུང་། བོད་མིའི་སྒྲིག་འཛུགས་ནང་ལྐོག་བཟའ་རུལ་སུངས་རྩ་བ་ནས་མེད་ཅེས་ཞུ་གི་མེད། ལྐོག་བཟའ་དང་འབྲེལ་བའི་གནས་ཚུལ་རེ་ཟུང་བྱུང་ཡོད་པ་དེ་དག་ལ་ང་ཚོས་ཉེས་ཆད་བཏང་བ་བྱུང་ཡོད། ཅེས་དང་། གཞན་ཡང་སྲིད་སྐྱོང་མཆོག་གིས་ཡིག་རྒྱུགས་གཏོང་ཕྱོགས་དང་འབྲེལ་བའི་སྐོར་གསུང་དོན། གནས་རིམ་མཐོ་ཤོས་དེར་འཛུལ་ཞུགས་བྱེད་མཁན་མང་བ་དང་། གནས་རིམ་དམའ་བ་དེར་འཛུལ་ཞུགས་བྱེད་མཁན་ཉུང་བ་ཡོང་གི་ཡོད། གནས་རིམ་མཐོ་ཤོས་དེར་ས་མིག་གཉིས་ལས་མེད་པ་དེར་ཡིག་རྒྱུགས་གཏོང་མཁན་བཞི་ཙམ་བྱུང་ན་གཉིས་ཚུད་རྒྱུ་མིན་པ་ཐག་ཆོད་པ་རེད། དེར་བརྟེན་ཁྱེད་རང་ཚོས་དང་པོ་ནས་གནས་རིམ་གང་གི་ཐོག་ཡིག་རྒྱུགས་གཏོང་རྒྱུ་ཡིན་མིན་བསམ་བློ་གཏོང་དགོས། ཁྱེད་རང་ཚོས་ནང་ཁུལ་གྲོས་བསྡུར་བྱས་ཏེ་འཆར་གཞི་བཏིང་ན་ཡག་པོ་ཡོད། སློབ་སྦྱོང་ཡག་པོ་དེ་འདྲ་རྒྱུགས་མ་འཕྲོད་ན་ང་ཚོར་ཡང་ཧ་ཅང་ཕངས་པོ་ཡོང་གི་འདུག དེའི་ཐོག་རྣམ་པ་ཚོས་དགོངས་པ་བཞེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ཅེས་དང་།
དེ་བཞིན་སྲིད་སྐྱོང་མཆོག་གིས་སྲི་ཞུ་བའི་ཁོངས་སུ་འདེམས་སྒྲུག་བྱུང་རྗེས་ལོ་རྒྱུས་འགེངས་ཤོག་དང་ལས་ཁུངས་གང་དུ་འགྲོ་འདོད་ཡོད་མེད་ཀྱི་འགེངས་ཤོག་བཀང་སྟེ་ཁ་གསལ་བྲིས་ཚེ་མ་འོངས་པར་གནས་སྤོས་གཏོང་སྐབས་ཁྱད་པར་འགྲོ་གི་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་དྲུང་གཞོན་ཡེ་ཤེས་ཆོས་སྒྲོན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་མཛད་སྒོ་གྲོལ་ཡོད། སྤྱིར་ཐེངས་འདིར་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་མི་གྲངས་ ༤༠ ཙམ་ཡོད་པ་དང་། ཟབ་སྦྱོང་དུས་ཡུན་ཟླ་བ་གཉིས་ཡིན་འདུག ཟབ་ཁྲིད་གནང་མཁན་རྒན་རྗེ་དྲུང་བསྟན་འཛིན་ལགས་སོགས་ཡིན་པ་དང་། སློབ་ཚན་གཙོ་བོ་རྣམས་ནི་བོད་ཨིན་གཉིས་དང་རྩིས། དེ་བཞིན་ལས་བྱེད་བླང་དོར་སྒྲིག་གཞི་སོགས་ཡིན་འདུག