༢༠༡༥ ཟླ་ ༥ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༣༠ ཉིན་བལ་ཡུལ་བོད་མིའི་འབྲེལ་མཐུད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བལ་ཡུལ་བོད་མིའི་འབྲེལ་མཐུད་པ་དབུ་བཞུགས་ཐོག་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དང་འབྲེལ་མཐུད་ལས་ཁུངས་ཀྱི་དྲུང་ཆེ། ས་གནས་འགོ་འཛིན་ཁག་བཞི་བཅས་ཛ་དྲག་ཐོག་ལྷན་ཚོགས་གནང་སྟེ་བལ་ཡུལ་ཁུལ་དུ་ས་ཡོམ་ཚབས་ཆེན་བརྒྱབ་སྟེ་གོད་ཆག་ཕོག་པ་རྣམས་མྱུར་སྐྱོབས་སླད་མ་དངུལ་ཞལ་འདེབས་བྱུང་རིགས་རྣམས་བགོ་འགྲེམས་དང་སྟངས་འཛིན་གནང་མཁན་གྱི་ཚོགས་ཆུང་ཞིག་ཆེད་འཛུགས་གནང་འདུག གསར་དུ་བཙུགས་པའི་ཚོགས་ཆུང་དེའི་ཚོགས་གཙོ་བལ་ཡུལ་བོད་མིའི་འབྲེལ་མཐུད་པ་རྟ་མགྲིན་རྡོ་རྗེ་ལགས་དང་། ཚོགས་གཞོན་ཕྱོགས་བཞུགས་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས། དྲུང་ཆེ་བལ་ཡུལ་བོད་མིའི་འབྲེལ་མཐུད་ལས་ཁུངས་ཀྱི་དྲུང་ཆེ་དང་། རྒྱུན་ལས་མཆོད་འཇོར་དང་། འཇོར་ཁེལ། རྒྱལ་འཕགས་ཚེ་གསུམ། ཤ་ཝ་ར་གསུམ་བཅས་ཀྱི་ས་གནས་འགོ་འཛིན་རྣམ་པར་གཏན་འབེབས་གནང་སྟེ་ས་ཡོམ་གྱིས་གོད་ཆག་བྱུང་བ་རྣམས་མྱུར་སྐྱོབས་སླད་ཞལ་འདེབས་གང་བྱུང་བ་རྣམས་བགོ་འགྲེམས་གནང་རྒྱུ་བྱས་འདུག གཞན་ཡང་ཕྱི་རྒྱལ་དང་རོགས་ཚོགས་ཁག་ནས་ས་ཡོམ་གོད་ཆག་དེའི་ཐོག་ཞལ་འདེབས་གང་བྱུང་བ་དེ་དག་ཚོགས་ཆུང་དེས་བཀའ་འཁྲོལ་འོག་ས་གནས་ཁག་ལ་མཁོ་སྤྲོད་སྟངས་འཛིན་གནང་རྒྱུ་རེད་འདུག གཞན་ཡང་ཡིད་སྐྱོ་བའི་གནས་ཚུལ་ཞིག་ལ་ད་བར་བོད་མི་བཞི་ས་ཡོམ་གྱི་གོད་ཆག་འོག་རྐྱེན་འདས་སུ་གྱུར་བར་ཐུགས་གསོ་དང་མཆོད་འབུལ་གནང་འདུག་པ་མ་ཟད། རྨས་སྐྱོན་ཕོག་པའི་བོད་མི་རྣམས་ལ་སྨན་བཅོས་འགྲོ་གྲོན་སྐབས་བསྟུན་ཚོགས་ཆུང་ནས་ཐག་གཅོད་རོགས་བསྐྱོར་གནང་རྒྱུ་བྱས་འདུག དེ་མིན་བོད་མི་རང་ཉིད་ལ་དབང་བའི་སྡོད་ཁང་དང་སློབ་གྲྭ དགོན་སྡེ་ཁག་གས་སྐྱོན་ཤོར་བའི་རིགས་ལ་འཛུགས་སྐྲུན་དང་ཉམས་བཟོ་བྱ་དགོས་རིགས་གོང་འཁོད་ཛ་དྲག་ལས་གཞི་འཇུག་བསྒྲིལ་མཚམས་འཆར་གཞི་གཉིས་པའི་ནང་ལག་བསྟར་གནང་འཆར་ཡོད་པའི་གྲོས་ཆོད་ཀྱང་བཞག་འདུག