༢༠༡༥ ཟླ་ ༥ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༣ ཉིན་ཨ་རིའི་མངའ་སྡེ་ Minnesota ཡི་ཚོགས་ཁང་དུ་དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས་ཞེས་པའི་ལས་འགུལ་ཚོགས་པ་ཞིག་གསར་འཛུགས་གནང་འདུག
དེ་ཡང་ཨ་མི་རི་ཀའི་ས་གནས་ Mininesotaནང་དུ་ཡོད་པའི་བོད་པའི་གཞོན་ནུ་ཁག་གཅིག་གིས། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལག་བསྟར་གནང་བཞིན་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་དེ་བཞིན་མི་མང་ཁྲོད་ངོ་སྤྲོད་དང་གོ་རྟོགས་སྤེལ་རྒྱུར་དམིགས་ཏེ་དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས་ཞེས་པའི་ལས་འགུལ་ཚོགས་པ་ཞིག་གསར་འཛུགས་བྱས་ཡོད་པ་དང་། དེ་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དེ་སྔའི་ཨ་རིའི་སྐུ་ཚབ་དོན་གཅོད་དང་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་ཡིན་འདུག་པ་དང་།
དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས་ཀྱི་དྲ་རྒྱ་ Youth for Umaylam ཞེས་པའི་ནང་ཚོགས་པ་འཛུགས་དགོས་པའི་དམིགས་ཡུལ་ནང་།
བོད་མི་ན་གཞོན་ཁྲོད་དུ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་ལས་འགུལ་ཚོགས་པ་དེའི་ཐོག་ནས་ན་གཞོན་ཁྲོད་དབུ་མའི་ལམ་གྱི་སྐོར་དང་། ཐབས་ལམ་དེ་གལ་འགངས་ཆེན་པོ་ཇི་ཙམ་ཡིན་པའི་སྐོར་སོགས་ཤེས་རྟོགས་ཡོང་ཆེད་མཐུན་རྐྱེན་མང་དུ་བསྐྲུན་ཐབས་བྱ་རྒྱུའི་འཆར་གཞི་ཡོད་ལུགས།
དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་འོག་ནས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་སོགས་སྲུང་སྐྱོབ་བྱ་ཐུབ་པའི་གལ་ཆེའི་ཐབས་ལམ་ཞིག་ཡིན་སྟབས། དབུ་མའི་ལམ་གྱི་སྲིད་བྱུས་དེའི་ཐོག་ནས་བོད་རྒྱ་གཉིས་ཀར་ཕན་ཐོགས་དང་ཁེ་ཕན་སྲུང་སྐྱོབ་ཐུབ་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་ངོས་འཛིན་དང་ཡིད་ཆེས་ཞུ་བཞིན་ཡོད་ཅེས་བཀོད་འདུག
དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས་ཞེས་པ་གསར་འཛུགས་གནང་མཁན་བོད་མི་ན་གཞོན་ཁག་གཅིག་ཡོད་པ་རྣམས་ནི་དུས་རྟག་ཏུ་བོད་དོན་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཡིན་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་མི་མང་ཁྲོད་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་བ་བརྒྱུད་དབུ་མའི་ལམ་གྱི་སྲིད་བྱུས་ལ་ངེས་པ་རྙེད་པར་བརྟེན་ནས་ད་ཆ་ཁོང་ཚོས་སྤྱི་ཚོགས་ཐོག་གི་ལས་འགུལ་རྣམ་པ་འདྲ་མིན་ནང་ཞུགས་པའི་ཐོག་ནས་མི་དམངས་ཁྲོད་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་དང་། གོ་རྟོགས་སྤེལ་ཏེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་ལ་རམ་འདེགས་ཞུ་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད།