༢༠༡༥ ཟླ་ ༥ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཉེ་ལམ་བལ་ཡུལ་དང་བོད། དེ་བཞིན་རྒྱ་གར་བྱང་ཕྱོགས་ཀྱི་ས་ཁུལ་སོགས་ཀྱི་ནང་ས་ཡོམ་ཤུགས་ཚད་ ༧།༩ ཅན་ཞིག་བྱུང་བ་དང་དེ་རྗེས་ས་འགུལ་ཆུང་ཚག་རིགས་བསྟུས་མར་བྱུང་བ་སོགས་འབྱུང་བའི་འཇིགས་པའི་གནོད་འཚེའི་འོག་མི་གྲངས་སྟོང་ཕྲག་མང་པོ་རྐྱེན་འདས་སུ་གྱུར་བ་དང་། སྡོད་ཁང་གྲངས་ལས་འདས་པ་ཞིག་རལ། དེ་བཞིན་མི་གྲངས་ཁྲི་ཕྲག་བརྒལ་བར་རྨས་སྐྱོན་ཕོག་པ་དང་མང་པོ་ཞིག་ཛ་དྲག་གི་གནས་སུ་གྱར་ནས་ཧ་ཅང་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་གདུང་སེམས་མཉམ་སྐྱེ་ཞུ་ཆེད། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡ ཉིན་ཐེ་ཝན་རྒྱལ་ས་ཐེ་པེའི་ནང་རྟེན་གཞི་བྱས་པའི་སྐུ་ཚབ་དོན་ཁང་དུ་བོད་རིགས་དང་ཐེ་ཝན་མི་མང་བཅས་ཁྱོན་མི་གྲངས་ ༡༠༠ ཙམ་གྱིས་གོང་ཚེས་ཉིན་སྨོན་ལམ་གསུང་འདོན་གནང་འདུག ཆུ་ཚོད་གཉིས་ཙམ་གྱི་སྨོན་ལམ་གསུང་འདོན་གོ་སྒྲིག་གནང་མཁན་ཐེ་ཝན་སྐུ་ཚབ་དོན་ཁང་དང་། ཐེ་བོད་བདེ་དོན་ལྷན་ཚོགས་གཉིས་ཡིན་འདུག སྨོན་ལམ་གསུང་འདོན་སྐབས་ཞལ་འདེབས་བསྡུ་རུབ་ཡང་གནང་ཡོད།
དེ་ཡང་སྨོན་ལམ་གསུང་འདོན་གནང་སྐབས་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བོད་དང་བལ་ཡུལ་གཉིས་རྒྱལ་རབས་ལོ་རྒྱུས་ཐོག་ཆོས་དང་རིག་གཞུང་གི་འབྲེལ་བ་ཉེ་པོ་ཡོད་པ་མ་ཟད། བལ་ཡུལ་མང་ཚོགས་ཁྲོད་བོད་བརྒྱུད་ནང་ཆོས་ཉམས་ལེན་གནང་མཁན་མི་ཉུང་བ་ཞིག་ཡོད་པ་མ་ཟད། བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱེད་བཞིན་ཡོད་སྐོར་དང་། རྒྱ་གར་ནང་བོད་མི་སྐྱབས་བཅོལ་བ་རྣམས་ཀྱིས་གཙོས་འཛམ་གླིང་ཁྱོན་དུ་བལ་ཡུལ་དུ་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ཀྱི་ཆེད་སྨོན་ལམ་གསུང་འདོན་དང་ཞལ་འདེབས་བསྡུ་རུབ་གནང་དང་གནང་མུས་ལྟར་ཐེ་ཝན་གནས་སྡོད་བོད་རིགས་རྣམས་ནས་ཀྱང་བལ་ཡུལ་མི་མང་ལ་ངལ་སེལ་རོགས་རམ་ཆེད་རང་ནུས་གང་ཡོད་ཀྱི་ཞལ་འདེབས་གནང་གལ་ཆེ་སྐོར་གསུངས། དེ་རྗེས་ཐེ་བོད་བདེ་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་བསྟན་འཛིན་རྣམ་དག་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་སྦྲགས། ཐེངས་འདིར་བལ་ཡུལ་ནང་ས་ཡོམ་གྱི་གོད་ཆག་ཤུགས་ཆེ་ཕོག་པར་བོད་མི་རྣམས་ཀྱིས་ཁ་ཞེ་གཉིས་མེད་ཀྱིས་གདུང་སེམས་མཉམ་སྐྱེ་ཞུ་བཞིན་ཡོད་སྐོར་གསུངས། ཐེངས་འདིར་སྨོན་ལམ་གསུང་འདོན་སྐབས་ཐེ་ཝན་ནང་གནས་སྡོད་བལ་པོ་ཁག་གཅིག་ཀྱང་མཉམ་ཞུགས་གནང་འདུག