ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་དོན་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༠ ཉིན་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༨ ཙམ་ལ་ཁམས་རྟའུ་རྫོང་ཁང་གསར་ཡུལ་ཚོའི་ཟམ་པ་དང་། ས་གནས་རྒྱ་ནག་གི་ཡུལ་ཚོའི་ལས་ཁུངས་ཉེ་འགྲམ་དུ་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་གནང་ཡོད་འདུག་པ་དང་། དེ་མ་ཐག་རྒྱ་ནག་གཞུང་གི་ཉེན་རྟོག་པ་འབྱོར་ནས་ཁོང་བཙན་འཁྱེར་བྱས་རྗེས། ཁོང་འདས་གསོན་ཇི་ཡིན་དང་སྨན་ཁང་དུ་འཁྲིད་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མི་འདུག
ས་གནས་མི་མང་ཚོས་བརྗོད་པ་ལྟར་ན། བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་སྲེག་གནང་དགོས་དོན་ནི། རྟའུ་ས་ཁུལ་གྱི་བོད་མི་ཚོས་༸གོང་ས་མཆོག་ད་ལོ་དགུང་གྲངས་ ༨༠ བཞད་པའི་སྐུའི་གྱ་སྟོན་སྲུང་བརྩི་བྱ་སྲིད་པར་དོགས་ཏེ། ཉིན་ཤས་སྔོན་ནས་ས་གནས་དེར་རྒྱ་གཞུང་གི་ཉེན་རྟོག་པ་དང་དྲག་ཆས་དམག་དཔུང་ཧ་ཅང་མང་པོ་སླེབས་ཏེ། མང་ཚོགས་ལ་འཇིགས་སྐུལ་དཔུང་ངོམ་བྱས་པ་མ་ཟད། དོན་མེད་ས་གནས་བོད་མི་ཚོར་གང་བྱུང་ཉེས་རྡུང་བཏང་བ་སོགས་བྱུང་ཡོད་སྟབས། ཁོང་གིས་གནས་སྟངས་དེར་སེམས་ཀྱིས་མ་བཟོད་པར་ཞི་བའི་ཡ་ལན་གྱི་ཚུལ་དུ་རང་ལུས་མེར་སྲེག་གནང་བ་ཞིག་ཡིན་འདུག
བསྟན་འཛིན་རྒྱ་མཚོ་ལགས་ནི། ཕ་འཆི་མེད་རྡོ་རྗེ་ལགས་ཀྱི་བུ་ཡིན་འདུག་པ་དང་། ད་ལྟ་རང་ལོ་ ༣༠ ནང་ཡིན་འདུག ཁོང་གི་བཟའ་ཟླའི་མིང་ལ་བསོད་ནམས་སྒྲོལ་མ་ཟེར་ཞིང་། ཁོང་བཟའ་མི་གཉིས་ལ་སྟོབས་ལྡན་དང་། ཐུབ་བསྟན། ཚེ་རིང་མཚོ་མོ། ཚེ་དབང་རྒྱ་མཚོ་བཅས་བུ་ཕྲུག་བཞི་ཡོད་འདུག