༢༠༡༥ ཟླ་ ༥ ཚེས་ ༡ རེས་གཟའ་པ་སངས།
༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡ ཉིན་བཏང་གནས་ནང་འཁོད་དོན། ཉེ་ལམ་ཀེ་རེ་ལཱ་མངའ་སྡེའི་ཁྱབ་ཁོངས་ས་གནས་ཝར་ཁཱ་ལཱར་གནས་སྡོད་བོད་མིའི་ཁྲོམ་སར་མེ་སྐྱོན་ཤོར་པའི་གནས་ཚུལ་བྱུང་བ་ནང་སྲིད་ལས་ཁུངས་སུ་འབྲེལ་ཡོད་ཁྲོམ་སའི་ཚོགས་མི་ནས་སྙན་སེང་བྱུང་འཕྲལ་ནང་སྲིད་ལས་ཁུངས་ནས་སྦེང་ལོར་ལྷོ་སྤྱི་ས་གནས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱིས་གོད་ཆག་ཇི་བྱུང་གནས་སྟངས་ཞིབ་འཇུག་དགོས་པའི་བཀོད་མངགས་ཕེབས་དོན་ལྟར་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༨ ནས་ ༢༩ ཉིན་གཉིས་རིང་སྦེང་ལོར་ལྷོ་སྤྱི་ཀརྨ་སེང་གེ་ས་གནས་ཝར་ཁཱ་ལཱར་ཆེད་བསྐྱོད་ཀྱིས་མེ་སྐྱོན་ཤོར་བའི་ཁྱིམ་
ཚང་གི་ནང་མི་རྣམས་དང་ཐུག་འཕྲད་ཀྱིས་གདུང་སེམས་མཉམ་སྐྱེ་གནང་སྟེ་གོད་ཆག་ཇི་བྱུང་གནས་སྟངས་ཞིབ་འཇུག་གནང་བར་ཁྲོམ་ས་དེར་བོད་མི་ཁྱིམ་ཚང་བདུན་འདུག་པ་ནས་ཁྱིམ་ཚང་གཉིས་སྐབས་དེར་ས་གནས་སུ་བསྡད་མེད་པ་དང༌། འཕྲོས་ཁྱིམ་ཚང་ལྔ་ནས་གསུམ་གྱི་ཚོང་ཟོག་དང་ནང་ཆས་ཆ་ཚང་མེས་འཚིག་སྐྱོན་བྱུང་སྟེ་གོད་ཆག་ཆེན་པོ་བྱུང་འདུག་པ་དང་གཞན་ཁྱིམ་ཚང་གཉིས་ལ་གོད་ཆག་ཕྲན་བུ་ཆུང་བ་བྱུང་འདུག
གནོད་སྐྱོན་ཕོག་པའི་ཁྱིམ་ཚང་རྣམས་ཀྱི་ཁྲོམ་ས་གང་མྱུར་བསྐྱར་གསོ་ཡོང་ཐབས་དང་གནོད་སྐྱོན་ཕོག་པ་རྣམས་ལ་ངལ་སེལ་ཞུ་སླད་ས་གནས་ཀྱི་གྲོང་སྡེ་ལས་ཁུངས་དང༌། ཁྲལ་བསྡུས་ལས་ཁུངས། གློག་གི་ལས་ཁུངས་བཅས་སུ་ངོ་བཅར་གྱིས་མཐུན་འགྱུར་རོགས་སྐྱོབ་དགོངས་བཞེས་ཡོང་བའི་རེ་བསྐུལ་ཞུས་པ་མ་ཟད་ས་གནས་ཀྱི་རྫོང་དཔོན་སྐུ་ཞབས་ BijuPrabhakar མཆོག་དང་མངའ་སྡེ་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ OommenChandy མཆོག་རྣམ་གཉིས་མཇལ་འཕྲད་ཞུས་ཏེ་མངའ་གཞུང་ནས་མེ་སྐྱོན་ཤོར་བའི་ཁྱིམ་ཚང་རྣམས་ལ་ངལ་སེལ་གནང་ཐབས་ཡོང་བ་ཞུས་པར་གང་ཐུབ་གཟིགས་རྟོག་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད།
དེ་བཞིན་ས་གནས་སུ་རྟེན་གཞི་བྱས་པའི་ཤི་ཝ་གྷ་རི་ཧིན་ཌུའི་ལྷ་ཁང་དང་ས་གནས་རྫོང་དཔོན་ལས་ཁུངས་ནས་མེ་སྐྱོན་ཤོར་བའི་ནང་མི་རྣམས་ལ་སྐབས་བསྟུན་ཛ་དྲག་ངལ་སེལ་ཆེད་རོགས་སྐྱོར་གནང་བ་བྱུང་འདུག་པས་འབྲེལ་ཡོད་ཚང་མར་ཆེད་བཅར་གྱིས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་མ་འོངས་པར་ས་གནས་ཀྱི་བོད་མི་སྐྱབས་བཅོལ་བ་རྣམས་ལ་མུ་མཐུད་གཟིགས་སྐྱོང་ཡོང་བའི་རེ་བསྐུལ་ཞུས། དེ་བཞིན་ད་རེས་ནང་སྲིད་ལས་ཁུངས་ཀྱིས་བཀའ་མངགས་ལྟར་སྦེང་ལོར་ལྷོ་སྤྱི་ཝ་ཁ་ལཱ་ས་གནས་སུ་ཆེད་བསྐྱོད་ཀྱིས་བོད་མིའི་ཁྲོམ་ས་མེ་སྐྱོན་ཤོར་བའི་རྐྱེན་གྱིས་བོད་མི་ཁྱིམ་ཚང་རྣམས་ལ་གྱོང་གུན་ཇི་ཆགས་གནས་སྟངས་ཞིབ་འཇུག་གནང་བའི་གྲུབ་ཐོན་སྙན་ཐོ་ནང་སྲིད་ལས་ཁུངས་སུ་འབུལ་ལམ་ཞུས་ཡོད་འདུག