༢༠༡༥ ཟླ་ ༥ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསང་ཆེན་སྟོད་རྒྱུད་གྲྭ་ཚང་རྭ་མོ་ཆེ་གཙུག་ལག་ཁང་དུ་ཆོས་འབྲེལ་ཉིན་གསུམ་རིང་ལེགས་པར་བསྐྱངས་རྗེས། ཕྱི་ལོ་ ༢༠༡༥ ཟླ་ ༥ ཕྱི་ཚེས་ ༡༣ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༧ ཐོག་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་ཁྱད་པར་གངས་ཅན་མགོན་དཔུང་དམ་པར་སྐུ་ཚེ་མི་ཤིག་རྡོ་རྗེའི་ཁམས་སུ་བསྐལ་བ་ནས་བསྐལ་པའི་བར་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་ཞུས་འདུག དེ་ཡང་སྟོད་རྒྱུད་གྲྭ་ཚང་གི་མཁན་པོ་བྱ་དོར་རིན་པོ་མཆོག་གིས་ཐེངས་འདིར་༸གོང་ས་མཆོག་གི་ཆོས་འབྲེལ་དང་བཀའ་དབང་སོགས་མཛད་འཆར་ཁག་དང་ལྷག་པར་གྲྭ་ཚང་གི་མཁན་བླ་འདུས་དམངས་ནས་མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་འདི་གའི་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན།
ཉིན་དང་པོར་ཐུན་མོང་ལམ་སྦྱང་། ཉིན་གཉིས་པ་དང་གསུམ་པར་དཔལ་གསང་བ་འདུས་པའི་བཀའ་དབང་། ཉིན་བཞི་པར་ཤིན་ཏུ་གསང་བའི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་ཀྱི་བཤད་པའི་འགྲེལ་བ། དེ་དང་འབྲེལ་ནས་བརྟན་བཞུགས་འབུལ་རྒྱུའི་བསྐལ་བཟང་གི་གོ་སྐབས་ཤིག་ཀྱང་བྱུང་སོང་། དེའི་ནང་ནས་ཉིན་དང་པོའི་གསུང་ཆོས་ཐུན་མོང་ལམ་སྦྱང་གི་སྐབས་དེར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཟབ་མོ་རྟེན་བྱུང་གི་དེ་ཁོ་ན་ཉིད་གསུངས་པ། འཇིག་རྟེན་ཁམས་འདིར་སྟོན་པ་འདྲ་མིན་ཡོད་པའི་ནང་ནས་སྟོན་པ་གཞན་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་ཐུན་མོང་མ་ཡིན་པའི་སྒོ་ནས་བསྟོད་པར་མཛད་པའི་རྟེན་འབྲེལ་བསྟོད་པའི་ཐོག་ནས་བཀའ་ཁྲིད་ཟབ་ཅིང་རྒྱས་པ་ཞིག་སྩལ་ཡོད། དེའི་ཐོག་ནས་ནང་པ་སངས་རྒྱས་པའི་སྟོན་པ་ངོ་མ་དང་ནང་པ་སངས་རྒྱས་པའི་བསྟན་པའི་ཐུན་མོང་མ་ཡིན་པ་དེ་གང་ཡིན་པ་ངོ་སྤྲོད་མཛད་པ་དང་།
དེ་རྗེས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པའི་བྱང་ཆུབ་ལམ་གྱི་རིམ་པ་དེ་བཞིན་ཟབ་ཅིང་རྒྱས་པ་དང་། རྡོག་དྲིལ་བའི་སྒོ་ནས་བཀའ་ཁྲིད་མཛད་སོང་། ལམ་རིམ་བསྡུས་དོན་དེ་ཉིད་བློ་རབ་འབྲིང་མཐའ་གསུམ་ལ་ཕན་ཆེ་བ་ཞེས་གསུངས་པ་བཞིན་ཆོས་ཞུ་བ་རྣམས་ཀྱི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ལ་གནས་སྐབས་སུ་འདོད་བྱ་མངོན་མཐོ་ཟེར་བ་ཞིག་དགོས་ཀྱི་ཡོད་སྟབས། མངོན་མཐོ་བསྒྲུབ་པའི་ཐབས་དང། མཐར་ཐུག་ངེས་ལེགས་བསྒྲུབ་པའི་ཐབས་ལ་བརྩམ་སྟེ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་རྣམ་གཞག་རྡོག་དྲིལ་བ་དང་། ཆ་ཚང་བ་ཞིག་བཀའ་ཁྲིད་མཛད་གནང་བྱུང་བས་བསྐལ་པ་བཟང་པོས་བཀའ་ཆོས་ཞུ་ཐུབ་པ་བྱུང་སོང་ཞུ་རྒྱུ་དང་། དེ་རྗེས་ཉིན་རེ་བཞིན་དུ་སྤྱིར་ནང་པ་སངས་རྒྱས་པ་དང་། ཡང་སྒོས་སུ་ཐེག་པ་ཆེན་པོའི་ཆོས་ལ་ཉམས་ལེན་བྱེད་མཁན་ཞིག་གི་ངོས་ནས་ཉམས་བཞེས་གནང་དགོས་པའི་ངེས་འབྱུང་། བྱང་སེམས། ཡང་དག་པའི་ལྟ་བ། ཞེས་ལམ་གཙོ་རྣམ་གསུམ་གྱི་ཐོག་ལ་གནད་འགག་གང་ཡིན་པ་དང། དགོས་པ་རྒྱུ་མཚན་གང་དང་གང་ཡོད་པ། སེམས་ཀྱི་རྟོགས་པ་སྐྱེས་པའི་ཚད་སོགས་ཀྱི་སྐོར་ལ་བཀའ་ཁྲིད་ཟབ་ཅིང་རྒྱས་པར་མཛད། མཇུག་ཏུ་མདོ་ཙམ་མ་ཡིན་པར་སྔགས་ཀྱི་ཉམས་ལེན་ཐུན་མོང་ལམ་སྦྱང་ཡིན་པའི་ཆ་ནས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ནས་མར་བརྒྱུད་པའི་རྒྱུད་ཆེན་ཤེས་རབ་སེངྒེས་གསུངས་པའི་ལྟ་ཁྲིད་དྲན་པ་དྲུག་སྟེ། བླ་མ་དྲན་པ། སྙིང་རྗེ་དྲན་པ། ལྷ་དྲན་པ། ལྟ་བ་དྲན་པ་སོགས་ཀྱི་བཀའ་ཁྲིད་ཟབ་ལ་གོ་བདེ་བ་ཞིག་ཞུ་ཐུབ་པ་བྱུང་།
གང་ལྟར་ཉིན་མ་དང་པོར་ཐུན་མོང་ལམ་སྦྱང་གི་གནད་འགག་ཡོངས་རྫོགས་རྡོག་དྲིལ་ཞིང་གོ་བདེ་བའི་ལམ་ནས་བསྐལ་བ་བཟང་པོས་བཀའ་ཁྲིད་མནོས་ཐུབ་པ་བྱུང། དེ་ནས་ཉིན་མ་གཉིས་པ་དང་གསུམ་པར་བཀའ་དབང་སྔོན་གྱི་སྟ་གོན་དང་དངོས་གཞི་བཀའ་དབང་གཉིས་ཆགས་ཡོད། ནམ་རྒྱུན་གསུངས་པ་ལྟར་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་ཡིན་ཞེས་དང་། དེ་ཡང་གསང་བ་འདུས་པའི་གནད་ཀྱི་དོན་ཤེས་པ་ཡིན་ན། རྒྱུད་སྡེ་ཐམས་ཅད་ཀྱི་མན་ངག་ཆ་ཚང་བ་གོ་ཐུབ་པ་དང་། རྒྱུད་སྡེ་གསང་བ་འདུས་པ་འཇིག་རྟེན་གྱི་ཁམས་འདིར་ཡོད་ཚེ། སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་གནས་ཐུབ་པ། རྒྱུད་སྡེ་གསང་བ་འདུས་པ་དེ་འཇིག་རྟེན་འདིར་མེད་ཚེ་སངས་རྒྱས་ཀྱི་བསྟན་པ་ཡོད་རུང་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་མེད་པ་སོགས་མདོར་ན་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་གནས་པར་གསང་བ་འདུས་པར་དབང་བས་རྒྱུད་སྡེ་གཞན་རྣམས་ཀྱིས་ཀྱང་བསྔགས་བརྗོད་ཆེན་པོ་གནང་གི་ཡོད། ཕྱི་ཚེས་ ༡༢ ཉིན་དབང་གི་སྟ་གོན་གྲ་སྒྲིག་རྒྱས་ཤིང་རྒྱས་པའི་ངང་དགེ་བསྙེན་གྱི་སྡོམ་པ་འབོགས་ཆོག་མཛད་པ་དང། སེམས་སྐྱེད་ཀྱི་ཆོ་ག་མཛད་རྒྱུ། དེ་ནས་དངོས་གཞིའི་དབང་དེ་རྡུལ་མཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་ཐོག་ནས་དབང་མཛད་རྒྱུ་བཅས་དང་། དེ་ཙམ་དུ་མ་ཟད་ཉིན་མ་གསུམ་པའི་ནང་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་དེའི་ནང་ལའང་དབང་འཇུག་ནས་དབང་བསྐུར་བ། ལུས་ངག་ཡིད་གསུམ་དག་པར་བྱེད་པའི་ཕྱིར་དང་། གསང་གསུམ་དབྱེར་མེད་དུ་གྲུབ་པའི་ཕྱིར་དབང་བཞི་པ་ཚེ་དབང་བཅས་བཀའ་དྲིན་བླ་མེད་ཆེ་བའི་ངང་གནང་སྩལ་མཛད། དབང་གི་ཕན་ཡོན་དང་ངོ་སྤྲོད་ཞུ་ནའང་དེ་རང་རེད། དེ་བཞིན་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་གནད་འགག་ཞུས་ནའང་དེ་རང་རེད།
དེ་རིང་ཞོགས་པ་ཕྱི་ཚེས་ ༡༣ ཉིན་དེར་སྔ་མོ་བོད་ལ་ཡིན་ན་བོད་ཟླ་བཅུ་པར་རྩེ་ལྗོངས་རྒྱུར་རྒྱུད་པའི་དགེ་འདུན་ཡོངས་རྫོགས་༸གོང་ས་མཆོག་བཞུགས་གནས་རྩེ་ཕོ་བྲང་དུ་བཅར་ནས་མཎྜལ་སྐུ་གསུང་ཐུགས་རྟེན་དེ་དག་ཡར་འབུལ་བའི་སྲོལ་ཞིག་ཡོད་པ་རེད། འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་འཛམ་གླིང་ཁྱོན་ཡོངས་ཀྱི་དད་ལྡན་མང་པོས་སྐུའི་གྱ་སྟོན་སྲུང་བརྩི་ཞུ་བཞིན་ཡོད་སྟབས། དེ་མཚུངས་སྔ་མོ་སྟོད་རྒྱུད་གྲྭ་ཚང་གི་ཕྱག་བཞེད་བཟང་པོ་ཡོད་པ་ནང་བཞིན་ཐེངས་འདིར་གསུང་ཆོས་ཀྱི་སྐབས་དང་འབྲེལ་ནས་དེ་ལྟར་འབུལ་ཆོག་པའི་སྙན་སེང་སྒྲོན་པ་དེར་བཀའ་བཞེས་བཟང་པོ་ཐོབ་པ་བཞིན། དེ་རིང་སྔ་དྲོ་ཆོ་ག་དམིགས་བསལ་བ་ཞིག་གང་ཡང་མེད། དཔལ་གསང་བ་འདུས་པའི་བདག་སྐྱེད་སྔོན་དུ་འགྲོ་བའི་ཐོག་ནས་དཔལ་ལྡན་ས་གསུམ་མ། སྐབས་གསུམ་པ། མཎྜལ་ཚོམ་བུ་རྒྱས་པ་ཞིག་འབུལ་སྲོལ་ཡོད་པ་བཞིན་དེའི་ཐོག་ནས་དཔལ་གསང་བ་འདུས་པའི་ཚོགས་ཆོས་འབུལ་རྒྱུ་བཅས་རེད། དེར་བརྟེན་ཐེངས་འདིར་བརྟན་བཞུགས་གྲ་སྒྲིག་ཧ་ཅང་ཡག་པོ་བྱུང་།
ཐེངས་འདིའི་བཀའ་ཆོས་ལ་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་། བླ་མ་ཡང་འཇམ་དཔལ་དབྱངས། ཆོས་སྐྱོང་ཡང་འཇམ་དཔལ་དབྱངས། ཞེས་རི་བོ་དགེ་ལྡན་པའི་ཕྱག་བཞེད་གཅིག་ཡོད། བླ་མ་འཇམ་དཔལ་དབྱངས་གསུང་སྐབས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་འཇམ་དཔལ་དབྱངས་དང་ངོ་བོ་དབྱེར་མི་ཕྱེད་པ་གཅིག་ཡིན་གསུང་བཞིན་ཡོད། ཡི་དམ་ཡང་འཇམ་དཔལ་དབྱངས་ཡིན་གསུང་སྐབས་ཡི་དམ་རྡོ་རྗེ་འཇིགས་བྱེད། ཆོས་སྐྱོང་ཡང་འཇམ་དཔལ་དབྱངས་གསུང་སྐབས་དམ་ཆེན་ཆོས་རྒྱལ་ཡང་འཇམ་དཔལ་དབྱངས་ཡིན་པ་གང་ལྟར་ཐུན་མིན་འབྲེལ་བའི་ཐོག་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་རྒྱུའི་ཐོག་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྩ་བའི་རྒྱུད་ཀྱི་རྟོགས་བདུན་ཞུ་བ་དེའི་མཆན་འགྲེལ་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་གསུང་བཀའ་རྒྱ་མའི་ཐོག་ནས་བཀའ་ཁྲིད་ཟབ་ལ་རྒྱས་པ་ཞིག་མནོས་ཐུབ་པ་བྱུང་ཡོད། སྤྱིར་དུས་ཡུན་ཉིན་བཞི་འདི་ཧ་ཅང་ཐུང་ཐུང་ཞིག་ཡིན་ཡང་བཀའ་ཆོས་ཀྱི་རིམ་པ་དེ་དག་དངོས་གནས་ཧ་ཅང་རྒྱ་ཆེན་པོ་དང་། ཟབ་རྒྱས་རྡོག་དྲིལ་པོ་ཧ་ལས་པའི་བསྐལ་བཟང་ཞིག་བྱུང་། ང་ཚོ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ལས་སྣེ་འདུས་མང་ཡོངས་སུ་རྫོགས་པ་ཚེ་རབས་སྔོན་མར་བསོད་ནམས་བསགས་པའི་འབྲས་བུ་ཞིག་སྨིན་པ་རེད་བསམ་པའི་ཡིད་དགའ་བ་གོང་ནས་གོང་དུ་འཕེལ་བཞིན་ཡོད། ཅེས་གསུངས།