༢༠༡༥ ཟླ་ ༥ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ ༢༠༡༥ ཟླ་ ༥ ཚེས ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་སྐམ་ས་ཆེན་པོས་གཙོས་རྒྱ་རིགས་དད་ལྡན་ཆོས་ཞུ་བ་ཞི་བརྒྱ་ལྷག་ལ་བཞུགས་སྒར་ཕོ་བྲང་དུ་ཉིན་གྲངས་གསུམ་རིང་ཆོས་འབྲེལ་དབུ་འཛུགས་བསྐྱངས་འདུག། དེ་ཡང་རྒྱ་ནག་སྐམ་ས་ཆེན་པོ་གཙོས་རྒྱ་དད་ལྡན་རྒྱ་རིགས་ཁག་གཅིག་གིས་གསོལ་འདེབས་ཞུས་དོན་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༥ ཚེས་ ༡ ནས་འགོ་འཛུགས་མཛད་ནས་ཕྱི་ཚེས་ ༣ བར་ཉིན་གྲངས་གསུམ་རིང་རྗེ་གཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་བཀའ་ཁྲིད་དང། འཇིགས་བྱེད་དཔའ་བོ་གཅིག་པའི་བཀའ་དབང་སྩལ་རྒྱུ་ཡིན་འདུག ཐེངས་འདིའི་གསུང་ཆོས་སྐབས་རྒྱ་ནག་སྐམ་ས་ཆེན་མོ་ནས་རྒྱ་རིགས་ཕོ་མོ་ཁྱོན་མི་གྲངས་ ༣༠༠ ལྷག་དང། ཧོང་ཀོང་། ཐེ་ཝན། སིངྒ་པུར་བཅས་ནས་ཆོས་ཞུ་བ་ཁག་གཅིག་བཅས་ཁྱོན་མི་གྲངས་ ༤༠༠ ཙམ་བཅར་ཡོད། བཞུགས་སྒར་ཕོ་བྲང་དུ་ཉིན་དང་པོའི་གསུང་ཆོས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ངོ་སྤྲོད་དང་། བོད་ནང་དར་བའི་ས་དགེ་དཀའ་རྙིང་ཇོ་ནང་དང་བཅས་པའི་ཆོས་བརྒྱུད་ཁག་གི་ཁུངས་གཏུག་ས་དཔལ་ན་ལེནྡྲའི་པཎ་གྲུབ་ཁག་གི་གཞུང་ཡིན་སྐོར་བཀའ་སློབ་སྩལ་དོན། ངོས་ཀྱིས་རྒྱུན་དུ་བོད་བརྒྱུད་ནང་བསྟན་དེ་བཞིན་དཔལ་ན་ལནྡྲའི་ཆོས་བརྒྱུད་ཆ་ཚང་བ་དྲི་མ་མེད་པ་དེ་ཡིན། དེ་ཡང་དགོས་པ་རྒྱུ་མཚན་གཉིས་ཡོད་པ་ལས། དང་པོ། ནུབ་ཕྱོགས་པ་ཁག་གཅིག་གིས་བཤད་སྡད་པའི་བོད་ཀྱི་ཆོས་རྒྱུད་ཁག་དེ་ཚོ་རང་བཟོས་བྱས་པའི་བླ་མའི་ཆོས་ལུགས་རེད་ཅེས་ཟེར་བ་ལྟར་མིན་པ་གསལ་སྟོན། གཉིས་པ། བོད་བརྒྱུད་ནང་བསྟན་གྱི་ནང་ཁུལ་ས་དགེ་དཀའ་རྙིང་ཇོ་ནང་སོགས་ཆོས་བརྒྱུད་ཁག་ཕན་ཚུན་དབར་ཕྱོགས་རིས་མེད་པར་ཕན་ཚུན་གུས་བརྩི་དང་ཆོས་བརྒྱུད་ཚང་མ་ཞི་མཐུན་མཉམ་གནས་ཡོང་རྒྱུར་ཡིན་སྐོར་སོགས་ཀྱི་བཀའ་སློབ་བཀའ་དྲིན་སྩལ།