༢༠༡༥ ཟླ་ ༥ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༦ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་བལ་མཐོ་སློབ་ནང་འགྲིམ་བཞིན་པའི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད། དེ་ཡང་ཟབ་སྦྱོང་ཉིན་གཉིས་པའི་ཚོགས་མགོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་བཤད་གནང་དོན།
ནམ་རྒྱུན་ངས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་འགྲེལ་བཤད་རྒྱག་སྐབས་རིམ་པ་གསུམ་དུ་དབྱེ་བཞིན་ཡོད། རིམ་པ་དང་པོ་ནི། ཕྱི་ལོ་ ༡༩༦༠ ནས་ ༡༩༩༠ བར་གྱི་གནས་སྟངས་དང་། གཉིས་པ་ནི། ཕྱི་ལོ་ ༡༩༩༡ ནས་ ༢༠༠༡ བར་དང་། རིམ་པ་གསུམ་པ་ནི། ཕྱི་ལོ་ ༢༠༠༡ ནས་ ༢༠༡༡ བར་ཡིན། དེ་རྗེས་རིམ་པ་བཞི་པ་བརྩིས་པ་ཡིན་ན་ཕྱི་ལོ་ ༢༠༡༡ ནས་ད་བར་རིམ་པ་བཞི་པ་ལྟ་བུ་ཆགས་ཀྱི་ཡོད། ད་བར་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལ་གཞིགས་སྐབས་འཕེལ་རྒྱས་གང་ཕྱིན་ཡོད་པ་ཚང་མ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པ་ཁོ་ནའི་འོག་ནས་བྱུང་བ་ཞིག་མ་གཏོགས་མི་མང་རང་གིས་ཐོག་ནས་མང་གཙོའི་འཕེལ་རིམ་ཐོག་སེམས་ཁུར་བླངས་ནས་ད་ལྟའི་གནས་བབ་འདི་ལྟ་བུ་ཞིག་ལ་བསླེབས་པ་ཞིག་རྩ་བ་ནས་མིན།
དེར་བརྟེན་ཕྱི་ལོ་ ༡༩༥༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བཅུ་དྲུག་བཞེས་པའི་དུས་སྐབས་དེར་བོད་ཀྱི་ལོ་རྒྱུས་ཀྱི་ཐོག དུས་ཚོད་ཧ་ཅང་གཉན་འཕྲང་ཅན་ཞིག་ཆགས་ཡོད། སྐབས་དེར་༸གོང་ས་མཆོག་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་གནང་མཛད་དགོས་བྱུང་ཡོད། སྐུ་ན་ཧ་ཅང་ཕྲ་བའི་དུས་སྐབས་ནས་བོད་ནང་གི་ཆབ་སྲིད་ཀྱི་འགྲོ་ལུགས་དང་། ཁྲིམས་ལུགས། ས་ཆའི་བདག་དབང་། ཁྲལ་གྱི་འགྲོ་སྟངས་སོགས་བསྐྱར་བཅོས་མཛད་རྒྱུའི་དགོངས་བཞེད་ཡོད་པ་དང་། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་སྐུ་དབང་ཡོངས་རྫོགས་བདག་གིར་བཞེས་རྗེས་ཕྱི་ལོ་ ༡༩༥༢ ཙམ་ནས་བོད་ནང་ལེགས་བཅོས་ཚོགས་ཆུང་བཙུགས་གནང་མཛད། དེའི་ནང་ས་ཆའི་བདག་དབང་དང་། ཁྲལ་གྱི་འགྲོ་སྟངས་སོགས་ལ་འགྱུར་བ་གཏོང་རྒྱུའི་དགོངས་གཞི་ཡོད་ཀྱང། ༸གོང་ས་མཆོག་གི་དགོངས་བཞེད་ལྟར་ལེགས་བཅོས་ཚོགས་ཆུང་གིས་ལས་དོན་བསྒྲུབ་ཐུབ་མེད། ལས་དོན་བསྒྲུབ་མ་ཐུབ་པའི་རྒྱུ་མཚན་རྣམ་པ་ཚོས་མཁྱེན་གསལ་རེད།
ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་མི་རྣམས་ལ་བཙན་དབང་འོོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེར་མིང་རྟགས་བཀོད་བཅུག་པ་རེད། སྐབས་དེར་བོད་ནང་གི་ཆབ་སྲིད་དང་འཛིན་སྐྱོང་གི་འགྲོ་ལུགས་ཐོག་རྒྱ་ནག་གིས་ཐེ་ཇུས་བྱེད་འགོ་བཙུགས་ཟིན་སྟབས། ༸གོང་ས་མཆོག་གི་དགོངས་གཞི་ལྟར་བོད་ནང་དུ་བཅོས་བསྒྱུར་མཛད་ཐབས་བྲལ། དེང་སྐབས་༸གོང་ས་མཆོག་གི་བཀའ་སློབ་ནང་། མགོན་པོ་གང་ཉིད་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་ལམ་ལུགས་དེ་མང་གཙོའི་ལམ་ལུགས་ཐོག་ཕེབས་དགོས་པའི་དགོངས་བཞེས་མཛད་ཚུལ་ནི། ཕྱི་ལོ་ ༡༩༥༤ ལོའི་ལོ་མཇུག་དང་། ༡༩༥༥ ལོའི་ལོ་མགོར་༸རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་ནག་ཏུ་ཆིབས་སྒྱུར་བསྐྱངས་སྐབས། པཎ་ཆེན་རིན་པོ་ཆེ་མཆོག་ལྷན་རྒྱས་སུ་བཅར་ཡོད། ཟླ་ཤས་རྒྱ་ནག་ཏུ་བཞུགས་བཞག་མཛད་རིང་རྒྱ་ནག་དམར་ཤོག་གི་ཚོགས་འདུའི་འགྲོ་ལུགས་འགྲོ་སྟངས་སོགས་ལ་ཐུགས་ཞིབ་མཛད་ཡོད། ཚོགས་འདུ་དེ་དག་བང་འགྲིག་པོ་དང་། འདྲ་ཆགས་པོ། སྒྲིག་འཛུགས་ལྡན་པ་ལྟ་བུ་ཡོད་ཀྱང་སོ་སོའི་སྒེར་གྱི་བསམ་ཚུལ་རྣམས་རང་དབང་ཐོག་ནས་བརྗོད་རྒྱུའི་ཐོབ་ཐང་གང་ཡང་མེད་པ་རྣམས་ལ་ཐུགས་ཞིབ་མཛད།
དེ་རྗེས་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་སྟོན་པ་བཅོམ་ལྡན་འདས་སྐུ་མྱང་ངན་ལས་འདས་ནས་ལོ་ ༢༥༠༠ འཁོར་བའི་དུས་དྲན་མཛད་སྒོར་༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་སྐབས། རྒྱ་གར་གྲོས་ཚོགས་སུའང་ཐུགས་ཞིབ་མཛད་རྒྱུའི་གོ་སྐབས་བྱུང་ཡོད། སྐབས་དེར་རྒྱ་གར་གྲོས་ཚོགས་ནང་ཚོགས་འདུ་འཚོགས་སྐབས་སྐད་ཅོར་འུར་ཅོར་ཚ་བ་དང་། ཟིང་ཚ་པོ་ཡོད་ཀྱང་། འཐུས་མི་སོ་སོའི་བསམ་བློའི་ནང་གང་ཡོད་པ་དེ་དག་ཤོད་རྒྱུའི་གོ་སྐབས་དང་རང་དབང་ཆ་ཚང་ཡོད་པར་ཐུགས་ཞིབ་མཛད་ཡོད། དེར་བརྟེན་༸གོང་ས་མཆོག་སྐུ་ན་ཕྲ་བའི་སྐབས་ནས་མང་གཙོའི་ལམ་ལུགས་ལ་ཐུགས་མོས་ཧ་ཅང་ཡོད་པ་དེ་དག་དེ་བས་ཀྱང་ཤུགས་ཆེ་རུ་ཕྱིན་ནས་མ་འོངས་པར་བོད་པའི་ཆབ་སྲིད་ཀྱི་ལམ་ལུགས་དེ་མང་གཙོའི་ལམ་ལུགས་ཐོག་འགྲོ་དགོས་ཀྱི་འདུག ཅེས་སྐབས་དེར་༸གོང་ས་མཆོག་གི་ཐུགས་ལ་སྐུལ་ལྕགས་ཐེབས་རྒྱུའི་གཞི་རྩ་གཙོ་བོ་དེ་ནས་བྱུང་ཡོད།
ཕྱི་ལོ་ ༡༩༥༩ ལོར་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ནས་མཐར་༸གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མི་སྟོང་ཕྲག་མང་པོ་བཙན་བྱོལ་དུ་གྱར་དགོས་བྱུང་བ་རེད། ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༣༡ ཉིན་གྱི་དགོང་མོར་༸གོང་ས་མཆོག་རྒྱ་གར་ས་ཐོག་ཏུ་ཆིབས་སྒྱུར་བསྐྱངས་པ་རེད། དེའི་རྗེས་འབྲེལ་དུ་བོད་མི་བརྒྱད་ཁྲི་ལྔ་སྟོང་ཙམ་ལོ་གཅིག་གཉིས་གསུམ་ནང་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཡོད། དེ་སྐབས་བོད་མི་རྣམས་ཀྱི་གནས་སྟངས་ཧ་ཅང་དཀའ་ལས་ཁག་པོ་ཡིན། ད་ལྟ་ང་ཚོ་འདིར་མིའི་ལུང་པའི་ནང་དུ་ཁྲ་ལྷམ་མེར་ཡོད་པ་དེ་དག་གཙོ་བོ་སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེའི་བཀའ་དྲིན་དང་། རྒན་རབས་རྣམས་ཀྱིས་སྐུ་ལས་བསྐྱོན་པར་བརྟེན་ནས་བྱུང་བ་ཡིན། སྐབས་དེ་དག་ཏུ་བོད་མི་རྒན་རབས་རྣམས་རྒྱ་གར་གྱི་འགྲོ་ལུགས་འགྲོ་སྟངས་དང་། སྐད་ཡིག་ཤེས་ཀྱི་མེད་པ་མ་ཟད། ཤེས་ཡོན་དང་ལག་ཤེས་དམིགས་བསལ་གང་ཡང་མེད། འོན་ཀྱང་བོད་ས་བསིལ་པོ་ནས་རྒྱ་གར་ཚ་བའི་ཡུལ་དུ་བསླེབ་སྐབས་མང་པོ་ཞིག་ལ་ན་ཚ་བྱུང་ནས་ཁྱོན་མི་གྲངས་ ༣༠༠ ལྷག་ཙམ་འདས་གྲོངས་སུ་གྱུར།
རིམ་པས་རྒྱ་གར་གཞུང་ལ་ཞུས་ནས་ཌལ་ཧོར་དང་། སིམ་ལ། ཅམ་པ། འབུམ་སྡེ་ལ། སྒང་ཏོག མ་ནཱ་ལི་སོགས་ལ་ལམ་བཟོ་རྒྱུག་པར་བཏང་བ་རེད། འདི་ལྟ་བུའི་གནས་སྟངས་ཁག་པོའི་འོག་ཕྱི་ལོ་ ༡༩༦༠ ཕྱི་ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་བོད་མི་གང་ཐུབ་འཛོམས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འདེགས་འབུལ་དང་འབྲེལ་དེ་རིང་ནས་བཟུང་སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་གཞི་གཞིར་བཟུང་འགྲོ་གི་ཡིན། བོད་མི་ཚང་མ་ཆིག་སྒྲིལ་བྱ་རྒྱུ་ཡིན་ཞེས་མནའ་གན་མཐུ་བོ་ཆེའི་དམ་བཅའ་བཞག་པ་རེད།
གནས་སྟངས་གང་འདྲ་ཞིག་ཡིན་རུང་གཞི་རིམ་དེ་བརྟན་པོ་ཞིག་དགོས་ཀྱི་རེད་མ་གཏོགས་རྩེ་ཏོག་གཅིག་པོ་ཡག་པོ་ཡོད་པས་ཕན་རྒྱུ་མེད། དཔེར་ན། ཁང་པའི་རྩེ་ཐོག་དེ་ཡག་པོ་ཡོད་ནའང་རྩིག་རྨང་དེ་བརྟན་པོ་མེད་ན་ཉིན་གཅིག་ཁང་པ་དེ་ཞིག་རྒྱུ་རེད། དེ་བཞིན་ང་ཚོའི་མང་གཙོའི་འགྲོ་ལུགས་དེ་ཡང་དབུས་གཅིག་པུ་མིན་པར་ས་གནས་མང་ཚོགས་གཞི་རིམ་ནང་ལའང་སྤྱི་མི་དང་འགོ་འཛིན་སོགས་མང་ཚོགས་ཀྱིས་འོས་ཤོག་འཕེན་པའི་ཐོག་ནས་ལག་བསྟར་ཐུབ་པ་ཆགས་ཡོད། ད་ལྟའི་གྲོས་ཚོགས་ཀྱི་གནས་བབ་ཡག་ཏུ་ཕྱིན་ཡོད། ད་དུང་མུ་མཐུད་ནས་གནས་མི་གནས་ཟེར་བ་དེ་ཁྱེད་རང་ཚོར་ཐུག་ཡོད། གང་ལྟར་ང་ཚོ་ལོ་རྒས་འགྲོ་གི་ཡོད། ཁྱེད་རང་ཚོས་འགན་འཁྱེར་བའི་དུས་ཚོད་དེར་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ལ་དོ་སྣང་མང་ཙམ་བྱེད་དགོས། སྤྱི་ཡོངས་ཀྱི་གནས་སྟངས་ཤེས་པའི་ཐོག་ནས་བྱེ་བྲག་ཐོག་ལ་བསམ་བློ་བཏང་ཡོང་སྐབས་རང་བཞིན་གྱིས་རྒྱུ་མཚན་ལྡན་པའི་ཐོག་ནས་སྐད་ཆ་བཤད་ནའང། ཐག་གཅོད་བྱེད་ཐུབ་ཀྱི་ཡོད། དེ་འདྲ་སོང་ཙང་ད་ལྟ་ལས་ལྷག་པའི་ཡར་རྒྱས་འགྲོ་ཐུབ་ཀྱི་རེད་བསམ་གྱི་འདུག་ཅེས་གསུང་བཤད་ཚང་ལ་གོ་བདེ་བ་ཞིག་གནང་གྲུབ་བསྟུན། སྐར་ཆ་བཞི་བཅུ་ཞེ་ལྔའི་རིང་ཟབ་སྦྱོང་བའི་སློབ་མ་ཡོངས་ནས་ཚོགས་གཙོ་མཆོག་ལ་དོགས་འདྲི་ཞུས་པར་ལན་འདེབས་གནང་མཐར་ཚོགས་གཙོ་མཆོག་གིས་གསུང་དོན།
ད་ལྟའི་དུས་ཚོད་འདིའི་ནང་གལ་ཆེ་ཤོས་དེ་བོད་དོན་དེ་གསོན་པོར་གནས་ཐུབ་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེ། རྒྱལ་སྤྱིའི་སྤྱི་ཚོགས་ཡིན་ནའང་རེད། བོད་པའི་སྤྱི་ཚོགས་ཡིན་ནའང་རེད། གཞོན་སྐྱེས་ཚོས་ངོས་ནས་དོ་སྣང་བྱས་པ་དང་འགན་ཁུར་བླངས་པ་ཡིན་ན་ང་ཚོ་འགོ་ཁྲིད་མཁན་ཡིན་ནའང་སེམས་ཤུག་འཕར་ཡོང་གི་འདུག མང་ཚོགས་ནས་དོ་སྣང་དང་རྒྱབ་སྐྱོར་མེད་པ་ཡིན་ན་ཁེར་རྐྱང་ལྟ་བུའི་ཚོར་སྣང་ཞིག་ཡོང་གི་འདུག མི་མང་གི་རྒྱབ་སྐྱོར་ཇི་ཙམ་མང་བ་གནང་བ་དེ་ཚོད་ཀྱིས་ང་ཚོའི་འཐབ་རྩོད་ཀྱི་ནུས་པ་དེ་ཤུགས་ཆེ་རུ་རང་བཞིན་གྱིས་འགྲོ་རྒྱུ་རེད། ཁྱེད་ཚོ་མ་འོངས་བོད་མིའི་འཐབ་རྩོད་ཀྱི་འགན་འཁྱེར་མཁན་ཞིག་ཡིན་སྟབས་ད་ལྟ་ནས་བསམ་བློའི་གྲ་སྒྲིག་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད། །