༢༠༡༥ ཟླ་ ༥ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༨ ཉིན་ཤེས་རིག་བཀའ་བློན་མཆོག་གིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་འདི་ལོའི་བོད་མིའི་སློབ་གྲྭ་ཁག་གི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་སྙན་སེང་ཞུས་འདུག
སྐབས་དེར་བཀའ་བློན་མཆོག་གིས་འདས་པའི་ལོ་ལྔའི་ནང་འཛིན་གྲྭ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཐོག་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་ཞུས་པ་དང་སྦྲགས། ཤེས་རིག་ལས་ཁུངས་ངོས་ནས་སློབ་ཕྲུག་གི་ཤེས་ཡོན་གནས་ཚད་ཡར་རྒྱས་གཏོང་ཐབས་ཐོག་ལས་འཆར་སྣ་མང་ཞིག་སྤེལ་དང་སྤེལ་བཞིན་ཡོད་པ་སྙན་སེང་ཡང་ཞུས་ཡོད་པ་རེད། བཀའ་བློན་མཆོག་གིས་གཙོ་བོ་ཤེས་རིག་ལས་ཁུངས་ངོས་ནས་ཤེས་ཡོན་སྤུས་ཚད་ལྡན་པ་ཡོང་ཐབས་སུ་ཉམས་ཞིབ་དང་འབྲེལ་ཡོད་མཁས་པའི་སློབ་སྟོན་ཚོགས་ཆུང་དྲུང་ནས་སློབ་སྟོན་རིམ་པ་ཞུས་མཐར། ད་ཆ་གཞི་རིམ་ཤེས་ཡོན་སྤྲོད་ཕྱོགས་དང༌། དགེ་རྒན་གྱི་ཤེས་ཚད་དང་ཁྱད་མཁས་ཡར་རྒྱས་གཏོང་ཐབས་གཉིས་ཀྱི་ཐོག་ཤུགས་སྣོན་རྒྱག་རྒྱུ་དང་། བྱིས་པའི་དུས་ནས་དཔེ་དེབ་ཀློག་རྒྱུའི་གོམས་གཤིས་འཇགས་ཐབས་བཅས་ཀྱི་ཐོག་ལ་ཟབ་སྦྱོང་རིམ་པ་གནང་དང་གནང་མུས་ཀྱིས་ཤུགས་རྒྱག་བཞིན་ཡོད་པ་གསུངས་ཡོད། དེ་བཞིན་སློབ་ཕྲུག་གི་ཤེས་ཡོན་ཐོག་ལ་ཕ་མས་ངོས་ནས་ནུས་པ་མཉམ་སྤུངས་བྱེད་དགོས་པ་གསུང་ཞིང༌། རིང་མིན་བཞུགས་སྒར་རྡ་རམ་ས་ལའི་ནང་ཕ་མའི་ཚོགས་ཆེན་ཞིག་གོ་སྒྲིག་གནང་འཆར་དང་འབྲེལ་ཤེས་ཡོན་ཐོག་ཕ་མས་འགན་འཁུར་ལེན་ཕྱོགས་སྐོར་ཟབ་སྦྱོང་དང་བགྲོ་གླེང་གནང་རྒྱུ་ཡིན་སྐོར་ཡང་གསུངས་འདུག
འདི་གའི་གསར་འགོད་པས་ཤེས་རིག་བཀའ་བློན་མཆོག་ལ་སྲིད་སྐྱོང་སློབ་ཡོན་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་གསུང་དོན། འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་གནང་ཟིན་ཞིང་། བོད་རིགས་སློབ་གྲྭ་ཁག་གི་ཁྲོད་འདི་ལོའི་སྲིད་སྐྱོང་སློབ་ཡོན་ཐོབ་མཁན་དེ་སུ་ཇ་བོད་ཁྱིམ་གྱི་སྒྱུ་རྩལ་སློབ་ཚན་གྱི་སློབ་བུ་བསྟན་འཛིན་དགྲ་འདུལ་གྱི་སློབ་ཚན་ལྔའི་བརྒྱ་ཆ་བསྡོམས་ན་བརྒྱ་ཆ་ ༩༥ ཡན་ལོན་འདུག ཁ་སང་ང་ཚོས་བཀའ་བསྡུར་ཞུས་རྗེས་དེ་སྔ་ཕན་ཆོད་ཀྱི་སྒྲིག་གཞིར་བལྟ་སྐབས་སྒྲིག་གཞིའི་ནང་སྲིད་སྐྱོང་སློབ་ཡོན་གྱི་སྒྲིག་གཞི་ཐོབ་པར་སློབ་ཚན་ལྔ་དེ་གང་དང་གང་བདམས་དགོས་ཡོད་མེད་གསལ་ཁ་བཏོན་པ་བྱུང་མི་འདུག འདི་རྒྱུ་མཚན་གཅིག་ཆགས་ཀྱི་འདུག གཉིས་པ་དེ་སློབ་ཕྲུག་མང་པོ་ཞིག་སྲིད་སྐྱོང་སློབ་ཡོན་ལྟ་བུ་ལེན་ཆེད་བརྒྱ་ཆ་མཐོ་པོ་ཐོབ་རྒྱུར་སེམས་ཤུགས་སྤར་ཆེད་ཐེངས་འདིར་ང་ཚོས་བསྟན་འཛིན་དགྲ་འདུལ་ལ་སློབ་ཚན་ལྔ་དྲག་འདེམས་བྱས་པ་དེས་བརྒྱ་ཆ་བརྩིས་ནས་ཁོ་པར་སྲིད་སྐྱོང་སློབ་ཡོན་གནང་རྒྱུའི་ཐག་གཅོད་གནང་ཡོད། ཁོ་པ་བོད་ཡིག་སློབ་ཚན་ནང་བརྒྱ་ཆ་ ༦༤ མ་གཏོགས་ལེན་ཐུབ་མེད། སྤྱིར་བཏང་བརྒྱ་ཆ་ ༦༤ ཡན་ལོན་པ་རིམ་པ་དང་པོའི་ཁོངས་སུ་ཚུད་ཀྱི་ཡོད་ཀྱང་། སློབ་ཚན་གཞན་དང་བསྡུར་ན་བོད་ཡིག་གི་བརྒྱ་ཆ་དེ་ཙམ་ཡག་པོ་ལོན་མེད་སྟབས་ང་ཚོར་བློ་ཕམ་བྱུང་། མ་འོངས་པར་སྲིད་སྐྱོང་སློབ་ཡོན་ཐོབ་མཁན་ཁོངས་སུ་ཚུད་ཆེད་སློབ་ཚན་ལྔ་དྲག་འདེམས་ཐོག་བོད་ཡིག་ངེས་པརདུ་་བརྒྱ་ཆ་ ༦༠ ཉུང་མཐར་ལོན་དགོས་པ་གཏན་འབེབས་གནང་ཡོད། དེ་རིང་ནས་བཟུང་ལས་རིམ་འདི་ཡང་སློབ་ཡོན་སྤྲོད་ཕྱོགས་ཀྱི་ཐོག་ཐག་གཅོད་གཏན་འཁེལ་བྱུང་སོང་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས།
བསྟན་འཛིན་དགྲ་འདུལ་ལགས་ནི་སྲིད་སྐྱོང་སློབ་ཡོན་བཞེས་མཁན་གཉིས་པ་དེ་ཆགས་ཡོད། ཁོང་སུ་ཇ་བོད་ཁྱིམ་སློབ་གྲྭ་ནས་ཡིན་ཞིང༌། འཛིན་རིམ་ ༡༢ ཀྱི་རྒྱལ་ཡོངས་རྒྱུགས་སྤྲོད་ནང་ཕྱོགས་བསྡོམས་རྒྱ་ཆ་ ༩༥ ཡན་ལོན་མཁན་རྣམས་ལ་སློབ་ཡོན་འདི་གནང་གི་ཡོད་པ་དང༌། སློབ་ཡོན་ཧིན་སྒོར་འབུམ་གཅིག་གནང་གི་ཡོད། ཁོང་གིས་འདི་ལོའི་འཛིན་རིམ་ ༡༢ ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥།༨ ལོན་འདུག སྲིད་སྐྱོང་སློབ་ཡོན་གྱི་དམིགས་ཡུལ་གཙོ་བོ་སློབ་ཕྲུག་ཚོས་སློབ་སྦྱོང་ལ་བརྩོན་འགྲུས་གོང་སྤེལ་དང༌། རྒྱལ་ཡོངས་རྒྱུགས་སྤྲོད་སྐབས་ཡག་པོ་ཡོང་བའི་ཆེད་དུ་ཡིན་འདུག སློབ་ཡོན་འདི་བཞིན་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ལོར་གསལ་བསྒྲགས་གནང་ཡོད།།