༢༠༡༥ ཟླ་ ༥ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༦ ཉིན་ཁེ་ན་ཌའི་ནང་རྟེན་གཞི་བྱས་པའི་གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གིས་གོ་སྒྲིག་གནང་བའི་ལོ་འཁོར་གསོལ་སྟོན་གྱི་མཛད་སྒོ་ཐེངས་བརྒྱད་པའི་ཐོག་སྲིད་སྐྱོང་བློ་བཟང་སངྒེ་མཆོག་སྐུ་མགྲོན་གཙོ་བོ་དང་ཨ་རི་སྐུ་ཚབ་དོན་གཅོད་སྐལ་རྡོར་དབུ་དཀར་ཚང་ལགས་དམིགས་བསལ་སྐུ་མགྲོན་དུ་གདན་ཞུ་གནང་འདུག འདུ་འཛོམས་དེའི་ཐོག་ཁེ་ན་ཌའི་གནད་ཡོད་མི་སྣ་དང་བོད་ཀྱི་གྲོགས་པོ་རྣམ་པས་མཉམ་ཞུགས་གནང་འདུག འདི་ལོར་འཛམ་གླིང་ཁྱོན་ཡོངས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་༸གོང་ས་མཆོག་དགུང་གྲངས་ ༨༠ ལ་ཕེབས་པའི་སྐུའི་གྱ་སྟོན་གྱི་མཛད་སྒོ་སྲུང་བརྩི་ཞུ་བཞིན་ཡོད་པ་དང་བསྟུན། ཐེངས་འདིའི་ལོ་འཁོར་གསོལ་སྟོན་གྱི་མཛད་སྒོ་དེ་ཡང་སྐུའི་གྱ་སྟོན་དུ་སྲུང་བརྩི་ཞུས་པ་ཞིག་ཡིན་འདུག
ཁེ་ན་ཌ་ཁུལ་དུ་གནས་སྡོད་བོད་རིགས་རྣམས་དང་གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་། ཨོན་ཊོ་རིའོ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་ཐུན་མོང་གིས་སྲིད་སྐྱོང་མཆོག་ལ་ནུས་པ་ལྡན་པའི་དབུ་ཁྲིད་ཀྱི་བྱས་རྗེས་དང་༸གོང་ས་མཆོག་ལ་ཆོད་སེམས་བརྟན་པོས་དབུ་འོག་དཔུང་འདེགས་ཞུས་དང་ཞུ་བཞིན་པར་ངོས་འཛིན་མཚོན་སླད་CTAO Gyatoen Award ཞེས་པའི་གཟེངས་རྟགས་འབུལ་ལམ་ཞུས་འདུག
མཛད་སྒོའི་ཐོག་ཁེ་ན་ཌའི་ཨོན་ཊོ་རིའོ་ས་གནས་གྲོས་ཚོགས་ཀྱི་འཐུས་མི་ཆེ་རི་ཌི་ནོ་ཝོ་ Canadian MPP Cheri DiNovo ལགས་དང་། དེ་སྔའི་གྲོས་ཚོགས་གོང་མའི་འཐུས་མི་ཌི་ནོ་ Senator DiNino ལགས། གྲོས་ཚོགས་འཐུས་མི་བྷར་ན་ཌི་ཊོ་རོ་ཊི་ཡར་ MP Bernard Trottier ལགས་སོགས་ཕེབས་ཡོད། སྐབས་དེར་ཁེ་ན་ཌའི་ཆབ་སྲིད་ཀྱི་འགོ་ཁྲིད་རྣམ་པས་བོད་དང་བོད་མིར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཡང་གནང་འདུག
ཕྱི་ཚེས་ ༡༧ ཉིན་སྲིད་སྐྱོང་མཆོག་གིས་ཊོ་རོན་ཊོར་བོད་རིགས་མང་ཚོགས་ལ་ཁོང་གི་ཐེངས་འདིའི་གཞུང་འབྲེལ་ཕྱོགས་ཕེབས་གནང་དགོས་དོན་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས། ལྷན་ཁང་ཁག་གི་ལས་དོན་བྱེད་ཕྱོགས་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་ཡག་པོ་ཡོད་པ། བཀའ་ཤག་གིས་ཤེས་ཡོན་གལ་ཆེར་འཛིན་བཞིན་ཡོད་པར་བརྟེན་སློབ་ཡོན་དང་སློབ་ཕྲུག་གི་གྲངས་འབོར་དེ་བཞིན་འདས་པའི་ལོ་བཅུ་དང་བསྡུར་ན་ལྡབ་ལོག་གི་འཕར་ཡོད་པ།
རྒྱ་གར་དབུས་གཞུང་ནས་ཕྱི་ལོ་ ༢༠༡༤ ལོའི་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་གཏན་འབེབས་བྱས་ཡོད་པར་བརྟེན་བོད་མིའི་གཞིས་ཆགས་སྲ་བརྟན་ཡོང་རྒྱུར་ཕན་ཐོགས་ཡོད་སྐོར་དང་། བཀའ་ཤག་གིས་བུད་མེད་ནུས་སྟོབས་གོང་འཕེལ་གཏོང་ཐབས། བོད་རིགས་ན་གཞོན་ཁྲོད་ལས་མེད་ཉུང་དུ་གཏོང་ཐབས། ལྷག་པར་བོད་ནས་གསར་དུ་འབྱོར་བ་རྣམས་ལ་གང་ཐུབ་མཐུན་རྐྱེན་སྦྱོར་བཞིན་ཡོད་སྐོར་སོགས་གསུངས་པ་དང་ཆབས་ཅིག སྲིད་སྐྱོང་མཆོག་གིས་ཉེ་ཆར་རྒྱ་ནག་གཞུང་གིས་འདོན་སྤེལ་བྱས་པའི་རྒྱབ་ཤ་དཀར་པོ་དང་འབྲེལ་བའི་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན། མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་ཡོད་པ་བཅས།།