༢༠༡༥ ཟླ་ ༥ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་ས་བོད་ཁྱིམ་སློབ་གྲྭའི་སིལ་སྤོལ་རྩེད་ཐང་དུ་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་དོན་གཉེར་ཅན་རྣམས་ལ་ནང་ཆོས་ངོ་སྤྲོད་ཐེངས་དགུ་པ་བསྐྱངས་ཆེད་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད། སྐབས་དེར་རྒྱ་གར་ནང་ཡོད་པའི་མཐོ་སློབ་ཁག་ ༩༢ ནས་ཁྱོན་སློབ་མ་གྲངས་ ༣༨༢ དང་ཕྱི་རྒྱལ་མཐོ་སློབ་ཁག་ ༡༡ ནས་སློབ་མ་གྲངས་ ༡༠ དེ་བཞིན་བོད་ཁྱིམ་སློབ་གྲྭ་སོགས་ནས་ཕེབས་པའི་སློབ་ཕྲུག་གྲངས་ ༡༦༠༠ ཙམ་དང་དགེ་རྒན་དང་སེར་སྐྱ་མི་མང་བཅས་ཁྱོན་ཆོས་ཞུ་བ་མི་གྲངས་སྟོང་ཕྲག་གསུམ་ལྷག་བརྒལ་བ་འདུ་འཛོམས་གནང་འདུག དེ་ཡང་གོང་ཚེས་ཉིན་ཐོག་མར་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་རྣམ་པ་དང་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་རྒྱུན་ལས་རྣམ་པས་༸གོང་ས་མཆོག་ལ་སྤོས་སྣེས་སྔོན་བསུས་ཏེ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། སློབ་མ་རྣམས་ནས་ཕར་ཕྱིན་གྱི་གཞུང་ཆེན་ཐོག་བགྲོ་གླེང་སྐར་མ་ ༡༠ རིང་གནང་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཁག་གཅིག་ནས་བདེན་བཞིའི་སྐོར་སྐར་མ་ ༡༠ རིང་རྟགས་གསལ་གྱི་བགྲོ་གླེང་སྤྱན་འབུལ་ཞུས།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ངོ་སྤྲོད་དང་འབྲེལ་བཀའ་སློབ་སྩལ་དོན། དེ་རིང་སློབ་གྲྭ་ཁག་མང་པོ་ཞིག་ནས་ཆོས་ཞུར་ཕེབས་མཁན་གྲངས་འབོར་ཆེན་པོ་འདུག ཕལ་ཆེར་འདུས་ཆེ་ཤོས་རེད་འདུག དགེ་རྒན་ཡང་མང་པོ་ཞིག་ཕེབས་འདུག དེ་རིང་འདིར་ཁྱེད་རྣམས་དགའ་བཞིན་སྤྲོ་བཞིན་འདིར་འཛོམས་པ་རེད། ད་ལྟ་སྔོན་དུ་རྩོད་པ་རྩོད་མཁན་ཁྱེད་རང་ཚོར་དམིགས་བསལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཁྱེད་རང་ཚོས་མཚན་ཉིད་ལྟ་རྒྱུར་དོ་སྣང་བྱེད་བཞིན་ཡོད་པ་དང་། སྤྱིར་མཚན་ཉིད་ལྟ་རྒྱུ་ལས་སླ་པོ་ཞིག་མིན། འོན་ཀྱང་ཁྱེད་རང་ཚོས་དེར་དོ་སྣང་དང་དོན་གཉེར་བྱས་ཏེ་སློབ་སྦྱོང་གནང་བ་ཧ་ཅང་ཡག་པོ་རེད། དེ་སྔ་བོད་ནང་ལ་མཚོན་ན་མི་སྐྱ་ཕོ་མོའི་ནང་ལ་གཞུང་ཆེན་ལྟ་མཁན་ཧ་ལམ་མེད། བཙུན་མ་ཚོའི་ནང་ལའང་ཧ་ལམ་མཚན་ཉིད་ལྟ་མཁན་མེད། རབ་བྱུང་སྡེའི་ནང་དུ་མཚོན་ནའང་བཤད་གྲྭ་ཡོད་པའི་དགོན་པ་དེ་ཚོ་རེད་མ་གཏོགས་གཞན་དགོན་པ་ཆེ་ཆུང་འདྲ་མིན་ཡོད་ཀྱང་གཞུང་ཆེན་དཔེ་ཆར་སློབ་སྦྱོང་བྱེད་པ་ཉུང་ཉུང་རེད། དེ་སྔ་བོད་ཀྱི་གནས་སྟངས་དེ་འདྲ་ཞིག་ཡིན་དུས་ཧི་མཱ་ལ་ཡི་རི་རྒྱུད་ནང་དུ་དགོན་པ་མང་པོ་ཡོད། འོན་ཀྱང་དཔེ་ཆ་ལྟ་མཁན་ཧ་ཅང་ཉུང་ཉུང་རེད་འདུག དེ་ནི་ང་ཚོར་སྔར་ནས་ཡོད་པའི་ལོ་བརྒྱ་ཕྲག་མང་པོའི་གོམས་གཤིས་ཤིག་རེད་དམ་ཟེར་ན་རེད། གོམས་གཤིས་དེ་བཟང་པོ་ཞིག་རེད་དམ་ངན་པ་ཞིག་རེད་ཟེར་ན། གོམས་གཤིས་དེ་ངན་པ་ཞིག་རེད། རྗེས་ལུས་ཀྱི་གོམས་གཤིས་ཤིག་ཆགས་ཡོད། རྗེས་ལུས་ཀྱི་གོམས་གཤིས་དེ་རྗེས་ལུས་ཀྱི་གོམས་གཤིས་རེད་ཟེར་ནས་བཞག་པ་ཡིན་ན་འགྲིག་གི་རེད་དམ་ཟེར་ན། རྗེས་ལུས་ཀྱི་གོམས་གཤིས་དེ་འགྲིག་མེད། གོམས་གཤིས་ཡིན་ནའང་རྗེས་ལུས་ཀྱི་རང་བཞིན་ཞིག་ཡིན་ན་དེ་ང་ཚོས་སེལ་དགོས་པ་རེད། ཡར་རྒྱས་གཏོང་དགོས་པ་རེད། དེ་འདྲ་ཡིན་དུས། ང་ཚོ་བཙན་བྱོལ་དུ་བསླེབས་ནས་ད་བར་ལོ་ངོ་ལྔ་བཅུ་ང་དྲུག་ཕྱིན་ཡོད།
དེ་སྔ་བོད་དུ་གཞུང་ཆེན་མ་གཟིགས་མཁན་གྱི་དགོན་པ་ཚོ་ཡིན་ནའང་དཔེ་ཆ་བལྟ་དགོས་པ་རེད། གཞུང་ཆེན་བལྟ་དགོས་འདུག གཞུང་ཆེན་བལྟ་སྟངས་དེ་ཡང་རིགས་ལམ་སྦྱང་པའི་ཐོག་ནས་དཔེ་ཆ་ལྟ་རྒྱུ་གལ་ཆེན་པོ་འདུག ཅེས་འབོད་སྐུལ་བྱས་པ་ཡིན། དང་པོ་བཙུན་མའི་དགོན་པ་ཚོར་དཔེ་ཆ་བལྟ་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུས་པ་རེད། དེ་བཞིན་རབ་བྱུང་གི་དགོན་པ་དཔེར་ན། འདི་གར་ཕན་བདེ་ལེགས་བཤད་གླིང་། དེ་སྔ་བདེ་གསང་འཇིགས་གསུམ་དང་ལྷག་པར་དཔལ་དུས་ཀྱི་འཁོར་ལོའི་ཆོ་ག་ཧ་ཅང་སྤུས་དག་པོ་ཡོད། ཐམས་ཅད་མཁྱེན་པ་སྐལ་བཟང་རྒྱ་མཚོའི་སྐབས་ནས་དམིགས་བསལ་ཐུགས་སྣང་གནང་སྟེ་ཆོ་ག་དེ་དག་ཕྱོགས་སྒྲིག་གནང་། གར་ཐིག་དེ་དག་ཞྭ་ལུ་ནས་ཆེད་མངགས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་སོགས་ལ་མཁས་པ་དེ་དག་གདན་ཞུས་གནང་ཡོད། སྤུས་དག་ཧ་ཅང་ཡོད་ཀྱང་ཕན་བདེ་ལེགས་བཤད་གླིང་དུ་མཚན་ཉིད་བལྟ་རྒྱུ་མེད། ཕན་བདེ་ལེགས་བཤད་གླིང་ཆ་བཞག་ནའང་མཚན་ཉིད་བཙུགས་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུས་པ་ལྟར་མཚན་ཉིད་བཙུགས་པ་རེད། དེ་བཞིན་རྒྱུད་གྲྭ་སྨད་སྟོད་ནང་དུའང་གྲྭ་ས་ནས་དཔེ་ཆ་བལྟས་ཏེ་དགེ་བཤེས་བཞག་ནས་རྒྱུད་པ་ལ་ཕེབས་མཁན་ཚོ་མ་གཏོགས། གཞན་དང་པོ་ནས་རྒྱུད་གྲྭར་བཞུགས་མཁན་བསྐྱེད་རིམ་པ་ཚོས་མཚན་ཉིད་བལྟ་གི་མེད། ཁོང་ཚོ་ཡང་མཚན་ཉིད་བལྟ་དགོས་ཀྱི་འདུག་ཅེས་འབོད་སྐུལ་བྱས་པ་རེད། དེ་བཞིན་བཙུན་མའི་དགོན་པ་ཚོས་ཀྱང་མཚན་ཉིད་བལྟ་དགོས་ཀྱི་འདུག་ཅེས་འབོད་སྐུལ་བྱས་པ་ལྟར། འདི་ག་རྡ་རམ་ས་ལར་བཙུན་མའི་དགོན་པ་ཡོད་པ་རྣམས་ཀྱིས་གཞུང་ཆེན་བལྟས་ནས་ད་ཆ་དགེ་བཤེས་མ་ཐོན་རྒྱུའི་མཚམས་ལ་བསླེབས་ཡོད། ལོ་ངོ་བཅུ་བདུན་བཅོ་བརྒྱད་དཔེ་ཆ་བལྟས་ནས་དགེ་བཤེས་མ་འཐོན་རྒྱུའི་མཚམས་ལ་བསླེབས་ཡོད།
དེ་བཞིན་མི་སྐྱ་ཕོ་མོའི་ནང་ནས་གཞུང་ཆེན་བལྟ་དགོས་པ་དང་དེ་ཡང་རིགས་ལམ་གྱི་སྒོ་ནས་དཔེ་ཆ་བལྟ་དགོས་ཀྱི་འདུག་ཅེས་འབོད་སྐུལ་བྱས་ནས། ད་ཆ་དཔེ་ཆ་ལྟ་རྒྱུའི་ས་བོན་ལྟ་བུ་ཚུགས་ཡོད། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་ལ་དྭགས་གཙོ་བོར་གྱུར་བའི་དགོན་པ་ཁག་དེ་དག་གི་དགེ་འདུན་པའི་སྤུས་ཀ་ཕྲན་བུ་དྲག་ཏུ་ཕྱིན་ཡོད། དེ་ནས་མི་སྐྱ་ཕོ་མོའི་ནང་དུའང་ཆོས་ཀྱི་སྐོར་བགྲོ་གླེང་འཚོགས་རྒྱུ་ལྟ་བུ་མིག་ལྟོས་གསར་པ་ཚུགས་ཡོད། མོན་ཁུལ་དུའང་དེ་ལྟ་བུ་འགོ་འཛུགས་བཞིན་ཡོད། དེར་བརྟེན་ང་ཚོའི་སངས་རྒྱས་ཀྱི་བསྟན་པ་ས་དར་རྡོ་དར་ཟེར་དགོས་ཀྱང་། ཞིབ་ཚགས་པོའི་སྒོ་ནས་བལྟས་ན། སངས་རྒྱས་ཀྱི་བསྟན་པ་སྤུས་དག་ཡོད་པ་དེ་ཤེས་ཚད་ཀྱི་མ་འདང་བར་རྨོངས་དད་ལྟ་བུ་ཆགས་ཀྱི་འདུག དེ་ཧ་ཅང་སྐྱོ་པོ་རེད། དད་པ་བྱེད་སའི་ཡུལ་དེར་རྒྱུ་མཚན་དེ་ཙམ་འགོད་རྒྱུ་མེད་པ་དང་རིགས་པས་དཔྱད་པ་བྱ་རྒྱུ་མེད་པ་ཡིན་ན་བྱ་ཐབས་གང་ཡང་མེད། ང་ཚོའི་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་དེ་ཕྱོགས་གཅིག་ནས་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཤིག་རེད། ཡང་སྒོས་ལྷག་པར་ཅན་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སཤེར་ཕྱིན་གྱི་གཞུང་ལ་སོགས་པའི་ལེགས་སྦྱར་གྱི་ཆོས་བརྒྱུད་ནང་ཡོད་པའི་གཞུང་དེ་དག་རིམ་པས་ནཱ་ལེནྡྲ་དང་།
སྟག་ཤ་ཤཱི་ལ། བི་ཀྲ་མ་ཤི་ལ་ལ་སོགས་པ་དེ་ཚོའི་ནང་དང་། ལྷག་པར་ནཱ་ལེནྡྲའི་ཆོས་སྒར་ནས་མཁས་པའི་དབང་པོ་དུ་མ་ཞིག་ཐོན་པ་དེ་དག་གིས་ལེགས་བཤད་བརྩམས་པ་རྣམས་རིགས་པའི་ལམ་ནས་དཔྱད་པ་བྱས་ནས་གཏན་ལ་ཕབ་པ་ཞིག་ཡིན། བོད་ལ་ཡོད་པའི་ཆོས་དེ་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་དེ་ལྟ་བུའི་ཆོས་དེ་དཔྱད་ན་དཔྱད་རྒྱུ་ཡོད་པ། དོགས་པ་བརྒྱ་ཕྲག་སྟོང་ཕྲག་བཀོད་དེ་དཔྱད་རྒྱུ་ཡོད་པ་ཞིག་ཡིན། སངས་རྒྱས་དང་བླ་མ་སོགས་ཀྱི་གསུངས་པ་རེད། དེ་ག་རང་ཡིན་པ་རེད་ཅེས། འདི་ལྟ་བུ་མིན་པར་སངས་རྒྱས་ཀྱིས་གསུངས་པ་ཞིག་ཡིན་ནའང་དེའི་རྒྱུ་མཚན་དང་དགོས་པ་གང་ཡིན་མིན་དང་། པཎ་གྲུབ་ཚོས་གསུངས་པ་དང་། གྲུབ་ཆེན་ཚོས་གསུངས་པ་དེ་དག་གི་རྒྱུ་མཚན་གང་ཡིན་མིན། དེ་དག་གསུང་གཞན་དང་འགལ་བ་ཡོད་མེད་དཔྱད་དགོས། མཐར་གཏུགས་ན་ང་ཚོའི་ཉིན་རེ་ཉིན་རེའི་ཉམས་མྱོངས་དང་གཏུགས་ནས་འབྲེལ་བ་ཡོད་མེད་དཔྱད་པ་བྱེད་དགོས། དེ་རིང་ཁ་སེང་དུས་ཚོད་ལ་ཚན་རིག་པའི་ཐོག་ནས་ཞིབ་འཇུག་བྱ་རྒྱུ་འདི་ཧ་ཅང་ཤུགས་ཆེན་པོ་རེད་འདུག དེར་བརྟེན་ཚན་རིག་པའི་ཐོག་ནས་ཞིབ་འཇུག་བྱས་པ་མཐོང་བ་མངོན་འགྱུར་གྱི་རིགས་ར་སྤྲོད་རྒྱུ་ཡོད་པ་དེ་དག་དང་འགལ་གྱི་འདུག་མིན་ང་ཚོས་དཔྱད་རྒྱུ་ཡོད། ངོས་ཀྱིས་རྟག་ཏུ་བརྗོད་བཞིན་པ་ལྟར། བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླངས་བར་བྱ་ཡིས་གུས་ཕྱིར་མིན།། ཞེས་བཀའ་སྩལ་ཡོད། ཞེ་ས་མ་ཞུས་ན། བཅོམ་ལྡན་འདས་རང་ཉིད་ལ་སྤོབས་པ་ཡོད། ཁོང་གིས་བདེན་པ་ཞིག་གསུང་བཞིན་ཡོད།
དེར་བརྟེན་བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་ཚོས་ཀྱང་རྒྱལ་བའི་གང་གསུངས་པ་ཙམ་ལ་ཡིད་ཆེས་མ་བྱས་པར་ཚོད་ལྟ་བྱས། དཔྱད་པ་བྱེད་དགོས་པ་གསུངས་ཡོད། སངས་རྒྱས་ཀྱི་ཆོས་དེར་རྒྱུ་མཚན་གྱི་དཔྱད་པ་བྱས། མཐར་མྱོང་བ་ལ་གཏུགས་ནས་གཏན་ལ་ཕབ་རྒྱུ་ཡོད་པ་ཞིག་ཡིན། འདི་ལྟ་བུ་སངས་རྒྱས་ཀྱི་ཆོས་སྤུས་དག་པོ་དེར་ང་ཚོས་སློབ་སྦྱོང་བྱས་ནས་ཤེས་པ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སློབ་གྲྭ་ཁག་ལ་མཚོན་ན། དེ་སྔ་མ་སུ་རི། སིམ་ལ། ཌ་ལ་ཧོ་སིའི་སློབ་གྲྭ་བཅས་ཐོག་མར་འཛུགས་སྐབས། མ་སུ་རི་སློབ་གྲྭའི་ཆོས་དགེ་མཚན་ཉིད་སློབ་གྲྭའི་ཆོས་དགེ་ཕྱིས་སུ་བཀྲོངས་པ་ཁོང་རེད། ཁོང་དཔེ་ཆ་ཧ་ཅང་ཡག་པོ་ཡོད་ལ་དོན་གཉེར་ཡང་ཧ་ཅང་ཆེན་པོ་རེད། སྐབས་དེར་ཁོང་གིས་སློབ་ཕྲུག་རྣམས་ལ་རྟགས་གསལ་གཏོང་སྟངས་བསླབས་པ་རེད། ངོས་རང་ཕྱིས་སུ་མ་སུ་རིར་བསླེབས་སྐབས་ཤིག་ལ་སློབ་ཕྲུག་ཕོ་མོ་དབྱེར་མེད་ཀྱིས་རྟགས་གསལ་གཏོང་བཞིན་འདུག སྐབས་དེར་འགོ་དེ་འདྲ་ཞིག་བཙུགས་པ་རེད། འོན་ཀྱང་བར་སྐབས་ནས་ཆོས་དགེ་ཚོ་ཡང་སྤུས་དག་པོ་དེ་ཙམ་མ་བྱུང་བར་ཞལ་འདོན་ཙམ་བསླབས་པ་མ་གཏོགས་སྤུས་དག་པོ་ཞིག་ཁྲིད་མ་ཐུབ་པ་ཟེར་ནའང་འདྲ། དོན་གཉེར་མ་བྱས་པ་ཟེར་ནའང་འདྲ། ཧ་ཅང་གཏིང་ཟབ་པོར་སློབ་སྦྱོང་བྱ་རྒྱུ་ཡོད་པའི་ནང་ཆོས་དེ་མི་ཤེས་པ་དང་། དེའི་ཕན་ཡོན་ཡང་མི་ཤེས་པའི་ངང་ནས་ལྷོད་གཡེང་ཕྱིན་ཡོད།
བར་སྐབས་ནས་སློབ་གྲྭ་ཁག་གི་ནང་རིགས་ལམ་བསླབ་རྒྱུའི་ཤུགས་སྣོན་ཞིག་བརྒྱབ་པ་དང། རྐང་ཤེས་རིག་ལས་ཁུངས་ནས་དོ་སྣང་དང་འགན་ཁུར་བླངས་རྗེས་ཤུགས་སྣོན་བྱེད་བཞིན་ཡོད། དེ་རིང་ཁྱེད་རང་ཚོས་རྟགས་གསལ་བཏང་བ་དེ་བྱེད་རྒྱུས་ཕོངས་ནས་རྟགས་གསལ་ཁུངས་འཁྱོལ་ལ་མ་འཁྱོལ་བཏང་བ་ཞིག་རྩ་ནས་མིན། དེ་དངོས་ཡོད་ཀྱི་སངས་རྒྱས་པའི་ཆོས་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་ལུང་རྟོགས་གི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་ཁ་ཡོད་ལག་ཡོད་ཀྱིས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ན། སློབ་སྦྱོང་བྱ་རྒྱུ་འདི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ལག་པར་ཕྲེང་བ་ཞིག་འཁྱེར་ནས་འདོན་པ་འདྲ་བཏོན་པ་ཙམ་གྱིས་སངས་རྒྱས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ཧ་ཅང་ཁག་པོ་རེད། དེ་བཞིན་རབ་བྱུང་ཕོ་མོས་དགོན་པ་ཁག་དེ་ཚོའི་ནང་སྐུ་རྫིག་པོ་འདྲ་ཞིག་དང་། མགོན་ཁང་རྫིག་པོ་འདྲ་ཡོད་པ། ཆང་དྲི་ཚུབ་ཚུབ་ཀྱིས་རྔ་རྡུང་སྦུབ་དཀྲོལ་བྱས་བསྡད་པ་འདི་བསྟན་པ་ལ་ཕན་ཐོགས་རྒྱུ་ཧ་ཅང་ཁག་པོ་རེད།
བསྟན་པ་ལ་དངོས་གནས་དྲང་གནས་ཕན་རྒྱུ་དེ་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་རྒྱུས་མངའ་ཡོད་པ་གཅིག་དང་། བཀའ་འགྱུར་པོ་ཏི་བརྒྱ་ཙམ་ཡོད་པ་དེ་དག་གི་ལྡེ་མིག་ལྟ་བུ་དེ་བསྟན་འགྱུར་ཆགས་ཡོད། དཔེ་ཆ་དེ་དག་སློབ་དེབ་རང་རེད་མ་གཏོགས་དེ་དག་རྩ་ཆེན་པོར་བརྩིས་ནས་མཆོད་གཤོམ་ནང་བསྒྲིགས་བཞག་ན་ཕན་རྒྱུ་མེད། བོད་གངས་ཅན་ལྗོངས་འདིར་མི་རབས་ནས་མི་རབས་མཁས་པའི་སྐྱེས་བུ་དམ་པ་མང་པོ་བྱུང་ཡོད། བོད་ཀྱི་མཁས་པས་བརྩམས་པའི་གཞུང་ཕལ་ཆེར་ཁྲི་ཕྲག་ཙམ་ཡོད། ཞིབ་ཕྲ་ངོས་ཀྱི་ཤེས་ཀྱི་མེད། རོབ་ཚོད་བྱས་པ་ཡིན་ན། ཕལ་ཆེར་གཞུང་པོ་ཏི་ཁྲི་ཕྲག་ཡོད་པ་འདྲ། ལོ་སྟོང་ཕྲག་གཅིག་ཙམ་དེའི་རིང་ལ་བོད་མདོ་དབུས་ཁམས་གསུམ་ནས་མཁས་པ་སྐྱེས་བུ་མང་པོ་བྱོན་ཡོད། དེ་དག་བཀའ་འགྱུར་བསྟན་འགྱུར་ཁུངས་སུ་བཅོལ་ནས་དགོངས་འགྲེལ་ཡང་འགྲེལ་བརྩམས་གནང་བ་ཞིག་རེད་འདུག
དེ་འདྲ་ཡིན་དུས་ང་ཚོའི་མི་རབས་གོང་མ་དེ་དག་གིས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་ནས་བཟུང་བའི་ལོ་སྟོང་ཕྲག་གཅིག་ཙམ་གྱི་རིང་ལ་བོད་པས་རྣམ་དཔྱོད་འདོན་ས་སངས་རྒྱས་པའི་ཆོས་ལ་རྣམ་དཔྱོད་བཏོན་ཡོད། རིག་གནས་གཞན་གྱི་ཐོག་ལ་ཤེས་ཀྱི་ཡང་མེད་ལ་དོ་སྣང་ཡང་བྱེད་ཀྱི་མེད། དེའི་ཚེ་དེའི་དུས་འཛམ་བུ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་ཡང་དེ་ལྟ་བུ་ཞིག་ཆགས་ཡོད། དེར་བརྟེན་གཞུང་ཆེན་བལྟ་རྒྱུ་དེ་སྐྱ་སེར་ཕོ་མོ་དབྱེར་མེད་ཀྱིས་དོ་སྣང་བྱས་ནས་བལྟ་དགོས་པ་རེད། མདོར་ན་སངས་རྒྱས་པའི་ཆོས་ཀྱི་ནང་ལ་སེམས་ཁམས་རིག་པའི་སྐོར་ཧ་ཅང་ཞིབ་ཕྲ་གསུངས་ཡོད། ཕྱོགས་མཚུངས་ལྟ་གྲུབ་སྐོར་ཡོད། ནང་པའི་ལྟ་གྲུབ་སྐོར་ལ་མཚོན་ན་དེང་སྐབས་འཛམ་གླིང་ནང་དོ་སྣང་ཆེན་པོ་བྱེད་གཞི་ Quantum Physics ཞེས་པ་དེ་ཧ་ཅང་བརླིང་པོ་ཞིག་བརྩི་བཞིན་ཡོད། དེའི་སྐོར་ལ་དཔལ་ནཱ་ལེནྜའི་མཁས་པའི་གཞུང་ནང་དེ་རིང་ཁ་སང་རིག་པ་གསར་དུ་རྙེད་པའི་ལྟ་གྲུབ་གསར་པ་ཀོན་ཊོམ་ཕི་སིག་ Quantum Physics ཞེས་སྙན་གྲགས་ཆེན་པོར་བརྩི་རྒྱུ་དེ་དག་ལོ་སྟོང་ཕྲག་གཉིས་ཙམ་གྱི་གོང་ནས་ནང་པའི་གཞུང་ལུགས་ནང་ཡོད། དེ་བཞིན་སེམས་ཁམས་རིག་པར་ཆ་བཞག་ན། དེ་རིང་ཁ་སེང་འཛམ་གླིང་དེའི་ཐོག་ནང་སེམས་ཀྱི་འགྲོ་སྟངས་ཐོག་ལ་ཞིབ་ཕྲ་ཉམས་ཞིབ་བྱ་དགོས་བྱུང་ན། སྔ་མོ་རྒྱ་གར་ནང་སངས་རྒྱས་པའི་ཆོས་པ་དང་མུ་སྟེགས་པའི་གྲུབ་མཐའ་སྨྲ་བ་མང་པོའི་ནང་ལ་མཁས་པ་མང་པོ་ཡོད། ཞི་གནས་སྒོམ་མཁན་ཡོད་ལ་ཞི་ལྷག་གི་རྣམ་པ་ཅན་གྱི་ལྷག་མཐོང་སྒོམ་མཁན་ཡང་ཡོད། དེ་དག་སེམས་ཁམས་རིག་པའི་སྐོར་ཤོད་བཞིན་ཡོད་སྟབས་མུ་སྟེགས་པའི་གཞུང་ནང་སེམས་ཁམས་རིག་པའི་སྐོར་ལ་རྒྱས་པོ་ཡོད།
དེ་རིང་ཁ་སང་མུ་སྟེགས་པའི་གཞུང་བརླིང་པོ་ཡོད་པ་དེ་དག་ལྟ་མཁན་མི་འདུག ང་ཚོ་བོད་པ་ནང་བཞིན་རེད། དེར་བརྟེན་སྨོན་ལམ་ཙམ་བརྒྱབ་ནས་སྡོད་མཁན་བོད་པ་གཅིག་པོ་གྲོགས་མེད་ཁེར་རྐྱང་ཞིག་མིན། ང་ཚོའི་གྲོགས་པོ་རྒྱ་གར་ནང་ལའང་ང་ཚོ་ལྟར་མང་པོ་ཞིག་སྨོན་ལམ་འདྲ་བརྒྱབ་ནས་བསྡད་པ་ལས་སློབ་སྦྱོང་བྱེད་ཀྱི་མི་འདུག སྔ་མོ་ཡིན་ན་ཚད་མ་རྣམ་འགྲེལ་དེ་ཚོའི་ནང་ཕྱོགས་སྔ་མུ་སྟེགས་པའི་མཁས་པ་ཚོའི་གྲས་ཕྱོགས་སྔ་ཧ་ཅང་མང་པོ་ཡོད། མུ་སྟེགས་པའི་མཁས་པ་ཚོས་སངས་རྒྱས་པའི་མཁས་པ་ཚོ་དང་ལྷན་རྩོད་པ་རྩོད་སྐབས་མི་རབས་གོང་མ་དགེ་རྒན་གྱིས་བརྩད་ནས་ཐག་མ་ཆོད་པ་དེ་དག་མི་རབས་ནས་མི་རབས་དཔྱད་པ་དེ་འདྲ་ཡོང་བཞིན་ཡོད། ཁྱེད་རང་ཚོ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། ང་ཚོ་ཐོག་མ་ཕྱི་ལོ ༡༩༥༩ ཟླ་བ་བཞི་པར་རྒྱ་གར་མ་སུ་རིར་བསླེབས་པ་དང་། དེ་དུས་ཁྱེད་རང་ཚོ་མང་ཆེ་བ་སྐྱེ་རྒྱུ་རེད། བཙན་བྱོལ་བ་ཆགས་ནས་ལོ་ལྔ་བཅུ་ང་དྲུག་ཕྱིན་སོང་། ངོས་རང་སྐྱེས་ནས་ལོ་འགོ་བརྩིས་ན་ལོ་བརྒྱད་ཅུ་གྱ་གཅིག ལོ་སྒང་པོ་བརྩིས་པ་ཡིན་ན་ལོ་བརྒྱད་ཅུ་རེད། མི་ཚེ་མང་བ་དེ་ཕྱིན་ཚར་བ་རེད། ལོ་བརྒྱད་ཅུ་འདས་ཚར་བར་བརྟེན་འབྱུང་འགྱུར་ལོ་བརྒྱད་ཅུ་སྡོད་རྒྱུ་མིན་པ་བརྒྱ་ཆ་བརྒྱ་ནས་བརྒྱ་ཐག་ཆོད་པ་རེད། ད་ལྟ་གཟུགས་པོ་ཨའུ་ཙམ་ཡོད། དེ་འདྲ་ཡིན་དུས་ལོ་བཅོ་ལྔ་ཉི་ཤུ་རྗེས་སུ་ལོ་བརྒྱར་བསླེབ་ཀྱི་རེད། དེར་བརྟེན་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་ཀྱི་རྐང་འཛིན་མཁན་དེ་ཁྱེད་རང་ཚོ་ལོ་གཞོན་པ་ཚོ་ཆགས་ཡོད། བོད་ནང་ལ་ཡིན་ནའང་ལྷག་བསམ་དང་སེམས་ཤུགས་ཧ་ལས་པ་རེད། མི་རིགས་ཀྱི་ལར་ཞེན་ཧ་ལས་པ་རེད། ཡིན་ནའང་རང་དབང་དང་གོ་སྐབས་མེད། ང་ཚོ་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་དེ་ཡང་རང་དབང་ལྡན་པ་ཞིག་བྱུང་ན་སོ་སོས་བསྒྲུབ་ཐུབ་པ་དང་། བསྒྲུབ་ཐུབ་པའི་ཆ་རྐྱེན་དེ་དག་རང་དབང་ལྡན་པའི་ཐོག་ནས་བསྒྲུབ་ཐུབ་པ་ཞིག་ཡིན་ཙང་། རང་དབང་ཟེར་བ་འདི་གལ་ཆེན་པོ་ཞིག་ལ་བརྩིས་ནས་ང་ཚོ་རང་དབང་ལུང་པའི་ནང་སྐྱབས་བཅོལ་དུ་ཡོང་བ་ཞིག་རེད། ཁྱེད་རང་ཚོ་རང་དབང་ལུང་པའི་ནང་སློབ་སྦྱོང་བྱ་རྒྱུ་ཡིན་ནའང་རེད། ཚོད་ལྟ་བྱ་རྒྱུ་ཡིན་ནའང་རེད། གང་དང་གང་བྱེད་རྒྱུ་ཡོད་པ་དེ་དག་རང་དབང་གི་ཐོག་ནས་བྱེད་ཐུབ་ཀྱི་ཡོད་སྟབས། ཁྱེད་རང་ཚོས་བྱེད་དགོས། བོད་མི་རིགས་ཟེར་བ་དེ་མི་རབས་ནས་མི་རབས་བསྡད་དགོས་པ་རེད། དེར་བརྟེན་ཁྱེད་རང་ཚོའི་མི་རབས་འདི་ཧ་ཅང་གལ་ཆེན་པོ་རེད།
བསམ་བློ་རྒྱ་ཆེ་ས་དང་ཕུགས་ཐག་རིང་ས་ནས་བསམ་བློ་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱི་མི་རབས་དེ་རྫོགས་འགྲོ་གི་ཡོད། ཕྱིས་སུ་ཁྱེད་ཚོའི་དྲན་པའི་ནང་སྔ་མོ་ང་ཚོ་ལོ་ན་གཞོན་སྐབས་༸རྒྱལ་བ་རིན་པོ་ཆེས་དེ་འདྲ་ཞིག་ཟེར་གྱི་ཡོད་ཅེས་ཁྱེད་རང་ཚོས་སེམས་ནང་ངེས་པ་བྱོས།
ཁྱེད་རང་ཚོ་རྒས་པོ་རྒས་མོ་ཆགས་ཡོང་སྐབས་ཁྱེད་རང་ཚོའི་རྗེས་སུ་ཡོང་མཁན་གྱི་མི་རབས་གཞོན་པ་དེ་ཚོར་བོད་ཀྱི་ཁྱད་ཆོས་ཡོད་པ་དེ་དག་བདག་པོ་རྒྱག་སྟངས་དེ་ཚོ་ཁྱེད་རང་ཚོས་བསམ་བློ་གཏོང་དགོས་པ་རེད། ཁྱེད་རང་ཚོར་འགན་ཡོད་རེད། ཤེས་སོང་ངམ། གོ་བྱུང་ངམ། ངོས་རང་མི་རྒན་ལོ་བརྒྱད་ཅུར་བསླེབས་པ་ཞིག་རེད། ལོ་ཉི་ཤུ་རྩ་ལྔ་ནས་སོ་སོའི་ལུང་པ་བྲལ་བ་རེད། ངོས་རང་ལོབཅུ་དྲུག་ནས་ངོས་ཀྱི་རང་དབང་བརླག་པ་རེད། མི་ཚེ་དེ་འདྲ་བྱས་ནས་བསྐྱལ་བ་ཡིན། བོད་ནང་གི་དཀའ་ངལ་དེ་ཚོར་བསམ་བློ་ཞིག་གཏོང་སྐབས་ངོས་ལ་མིས་རེ་བ་ཆེན་པོ་རྒྱག་བཞིན་ཡོད། ཡིད་ཆེས་ཡང་བྱེད་བཞིན་ཡོད། དཀའ་ངལ་དེ་ཚོ་སེལ་ཐུབ་རྒྱུ་ནི་མི་འདུག ངོས་རང་མི་གཅིག་གིས་གང་བྱ་དགོས། སངས་རྒྱས་པའི་ཆོས་ནས་བཤད་པ་ཡིན་ན་གང་ལྟར་ལས་འབྲས་ཀྱི་སྐད་ཆ་རེད། དངོས་ཡོད་གནས་ཚུལ་ལ་ཆ་བཞག་ནའང་ང་ཚོའི་མི་རབས་གོང་མ་ཚོས་འཐུས་ཤོར་ཧ་ཅང་བཏང་འདུག
འཐུས་ཤོར་ཕྱིན་པའི་འབྲས་བུ་ངན་པ་དེ་སྨིན་ཡོང་སྐབས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ལྡོག་མི་ནུས། ཞེས་གསུངས་པ་ལྟར། རྒྱུ་མ་ཚང་བ་མེད་པ་གྲུབ་ཚར་རྗེས་འབྲས་བུ་འདོད་དང་མི་འདོད་སྐད་ཆ་ཤོད་ས་གང་ཡང་མེད། འབྲས་བུ་མྱོང་དགོས་པ་རེད། རྒྱུ་སྔོན་འགོག་བྱ་རྒྱུ་དེ་རེད། དཔེར་ན་སྡུག་བསྔལ་བདེན་པ་སྐད་ལོག་བརྒྱབ་ནས་ཕན་ཐོགས་མེད། སྡུག་བསྔལ་གྱི་རྒྱུ་གང་ཡིན་པ་ཀུན་བྱུང་བདེན་པ་དེར་བསམ་བློ་བཏང་། ཀུན་འབྱུང་བདེན་པ་དེ་ཤེས་པ་ཙམ་གྱི་ཕན་ཐོགས་མེད། རྩ་བ་ཉོན་མོངས་མ་རིག་པ་ཟེར་བ་འདི་ཕྱིན་ཅི་ལོག་གི་བློ་རེད་འདུག་གམ་ཕྱིན་ཅི་མ་ལོག་པའི་བློ་རེད། ཕྱིན་ཅི་ལོག་པའི་བློ་ཡིན་ན་སེལ་ཐུབ་རྒྱུ་ཡོད། ཕྱིན་ཅི་ལོག་མ་ལོག་ཟེར་རྒྱུ་ནི་དེ་ཁོ་ན་ཉིད་ཟེར་བའི་ཆོས་རྣམས་ཀྱི་ཡིན་ལུགས་གང་འདྲ་ཞིག་ཡིན་མིན་བརྟག་དཔྱད་བྱས་ནས་འགོག་བདེན་གསུངས་པ་དེ་རེད། གང་ལྟར་རྒྱུ་མ་ཚང་བ་མེད་པ་ཞིག་བསགས་ཟིན་པ་ཞིག་ཡིན་ན་དེའི་འབྲས་བུ་དེ་ལྡོག་ཏུ་མེད་པ་ཞིག་རེད། བྱེད་རྒྱུ་གང་ཡང་མེད། ཞབས་བརྟན་བསྒྲུབ་ཀྱང་ཕན་རྒྱུ་མེད། གང་བྱས་ཀྱང་ཕན་རྒྱུ་མེད། ང་ཚོ་བོད་པ་ཚོས་ཞབས་བརྟན་མང་པོ་བསྒྲུབས་ཡོད། ཞབས་བརྟན་དེ་ཡང་ཁ་ཙམ་ཚིག་ཙམ་གྱི་འདོན་པ་དེ་འདྲ་བཏོན་པ་ཙམ་ལས་དོན་ངོ་མའི་སེམས་ནང་ལ་འགྱུར་བཅོས་བཏང་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེ་གསག་རྒྱུ་ཁག་པོ་རེད། ང་ཚོའི་མི་རབས་གོང་མ་རྣམས་ཀྱིས་སྐུ་མདུན་སྐུ་གོང་མ། ངོས་ཀྱི་མི་རབས་འདིའི་ནང་དུའང་ངོས་རང་ཆུང་ཆུང་སྐབས་ཀྱི་གནས་ཚུལ་མང་པོ་ཞིག་དེང་སྐབས་བསམ་བློ་གཏོང་སྐབས་དེ་དུས་དེ་འདྲ་ཞིག་བྱས་ཡོད་ནའང་ཏོག་ཙམ་མི་འདྲ་བ་ཞིག་ཡོང་མདོག་ཁ་པོ་རེད། ཅེས་དྲན་རྒྱུ་ཡོད་ཀྱང་ད་ཆ་ཚར་ནས་གང་ཡང་མེད།
སྐུ་མདུན་སྐུ་གོང་མ་སྐུ་ཕྲེང་ ༡༣ པ་མཆོག་རྒྱ་དཀར་ནག་ཏུ་ཕེབས་ནས་བོད་དུ་ཕྱིར་ལོག་གནང་རྗེས་འགྱུར་བ་གཏོང་རྒྱུའི་དགོངས་པ་བཞེས་ཡོད་ཀྱང་ལག་ལེན་འཁེལ་ཐུབ་མེད། གཞན་ཡང་མདོ་སྟོད་སྨད་ལ་དམིགས་བསལ་འབྲེལ་བ་བཟོ་རྒྱུའི་དགོངས་བཞེས་གནང་ཡོད་ཀྱང་དོན་དག་བསྒྲུབ་ཐུབ་མེད། དེ་ཐམས་ཅད་ད་ཆ་ཚར་བ་རེད། ད་དུང་ཡར་གཏུགས་པ་ཡིན་ན་དུས་རབས་དགུ་པའི་ནང་མངའ་བདག་ཁྲི་རལ་པ་ཅན་བཀྲོངས་རྗེས་བོད་སིལ་བུར་ཆགས་པ་དེ་ནས་འཐུས་ཤོར་ཕྱིན་ཚར་བ་རེད། ཆབ་སྲིད་ཀྱི་ཐོག་ནས་ཞབས་འདྲེན་ཆ་ཚང་ཞུས་ཚར་བ་རེད། ཀོ་ཐག་ཆ་ཚང་གློད་ཚར་བ་རེད། འོན་ཀྱང་བོད་མི་ཡོངས་རྫོགས་རྡོག་ལ་བསྒྲིལ་ནས་དུས་ད་ལྟ་བར་གནས་ཐུབ་པ་དེ་གཙོ་བོ་སངས་རྒྱས་པའི་ཆོས་དང་བོད་ཡིག་བཅས་དེ་དག་གི་ཡིན། བཀའ་འགྱུར་བསྟན་འགྱུར་པོ་ཏི་དེ་དག་མདོ་སྟོད་སྨད་ས་ཁུལ་ཡོངས་རྫོགས་ལ་ཁྱབ་ཡོད། གཞན་ཡང་ཧི་མཱ་ལ་ཡའི་ས་ཁུལ་ཁག་དང་སོག་ཡུལ་དུའང་ཁྱབ་ཡོད། རུ་སུའི་ཁོངས་སུ་ཡུལ་གྲུ་ཁག་འགའ་ཤས་ནང་དུའང་བོད་བརྒྱུད་ནང་བསྟན་བཀའ་འགྱུར་དང་བསྟན་འགྱུར། བོད་པའི་བོད་ཡིག་གིས་ཁྱབ་ནས་ཡོད། ཆབ་སྲིད་ཀྱི་འཕོ་འགྱུར་ཧ་ཅང་ཕྱིན་ཡོད་ཀྱང་དེའི་རིང་ལ་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ང་ཚོ་བོད་གངས་ཅན་པ། ཞེས་སངས་རྒྱས་ཆོས་དགེ་འདུན་ངོ་འཕྲོད་ཀྱི་ཡོད་རུང་མེད་རུང་། དཀོན་མཆོག་གསུམ། ཞེས་དད་པ་བྱ་རྒྱུའི་ཆོད་སེམས་དེ་གཅིག་པུས་ང་ཚོ་ཚང་མ་ཚུར་བསྡུས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱིས་མཛད་པའི་བློ་སྡོམ་གསལ་བའི་མེ་ལོང་ཞེས་བྱ་བའི་ཆོས་འབྲེལ་དབུ་འཛུགས་མཛད། །