༢༠༡༥ ཟླ་ ༤ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་ཤར་ཕྱོགས་མངའ་སྡེ་ཨོ་རི་སའི་རྒྱལ་ས་བྷུབ་ནེ་ཤི་ཝར་ Bhubaneshwar རྟེན་གཞི་བྱས་པའི་ཀ་ལིངྒ་སྤྱི་ཚོགས་ཚན་རིག་ Kalinga Institute of Social Sciences (KISS) གི་གཙུག་ལག་སློབ་ཁང་དུ་ཕེབས་ནས་དགེ་ལས་སློབ་ཕྲུག་ཁྱོན་བསྡོམས་མི་གྲངས་ ༢༥༠༠༠ ཙམ་ཡོད་པ་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག སློབ་གྲྭ་དེ་ནི་འཛམ་གླིང་ཁྱོན་ཡོངས་སུ་གདོད་མའི་མི་རིགས་ཀྱི་སློབ་གྲྭ་ཆེ་ཤོས་སུ་གྲགས་པ་དང་། སློབ་གྲྭ་གསར་འཛུགས་གནང་མཁན་སྐུ་ཞབས་ཨ་ཆུ་ཏ་ས་མན་ཏ་ལགས་ Dr. Achyuta Samanta ཡིན་འདུག ཐེངས་འདིར་སྲིད་སྐྱོང་མཆོག་གིས་སློབ་ཕྲུག་རྣམས་ལ་མི་ཚེའི་ནང་ལམ་ལྷོང་ཡོང་བར་ངེས་པར་དུ་ཆུང་དུས་དཀའ་ལས་རྒྱག་དགོས་པ་དང་། གལ་ཏེ་དཀའ་ངལ་ལ་མ་འཛེམས་པར་བརྩོན་འགྲུས་བསྟེན་ཐུབ་པ་ཡིན་ན་མི་ཚེ་ལམ་ལྷོང་ལྡན་པ་ཞིག་དང་དོན་དང་ལྡན་པ་ཞིག་ཡོང་ངེས་ཡིན་སྟབས། སྟོན་པ་བཅོམ་ལྡན་འདས་ཀྱིས། བདག་ཉིད་བདག་གི་མགོན་ཡིན་གྱིས། གཞན་ནི་སུ་ཞིག་མགོན་དུ་གྱུར། ཞེས་བཀའ་སྩལ་བ་ལྟར།
རང་ཉིད་ཀྱིས་འབད་བརྩོན་བྱེད་དགོས་སྐོར་གསུང་དོན། ང་ཚོ་གྲོང་གསེབ་དང་གྲོང་ཁྱེར་ཇི་འདྲ་ཞིག་ནས་ཡོང་བ་ཡིན་ནའང་ཚང་མ་མི་ཡིན་པ་གཅིག་པ་རེད། དེར་བརྟེན་ང་ཚོ་མི་ཚང་དབུལ་པོ་ཡིན་བསམས་ནས་ནམ་ཡང་བློ་ཞུམ་མི་རུང་། ང་ཚོར་མངོན་འདོད་ཡོད་པ་གཅིག་མཚུངས་ཡིན་སྟབས་མངོན་འདོད་དེ་དོན་ལ་ཁྱོལ་ཆེད་ཐོབ་ཐང་དང་གོ་སྐབས་གཅིག་མཚུངས་སུ་ཡོད། ལམ་ལྷོང་ཡོང་དང་མ་ཡོང་ཟེར་བ་དེ་གཙོ་བོ་སོ་སོའི་བསམ་བློ་གཏོང་ཕྱོགས་ལ་རག་ལུས་ཡོད། གལ་ཏེ་ང་མི་ཚང་ཉམ་ཆུང་ནས་ཡིན། ཕ་མ་སྐྱོ་པོ་ཡིན་པ་དང་ཡང་ན་གྲོང་གསེབ་ནས་ཡིན་སྟབས་ངས་གང་ཡང་འཇོན་གྱི་མ་རེད་བསམས་ནས་བློ་ཞུམ་ནས་བསྡད་ན། ཐོག་མ་ཉིད་ནས་ཕམ་ཁ་ཁུར་བར་བརྟེན་ནམ་ཡང་ལམ་ལྷོང་ཡོང་མི་ཐུབ།
དེར་བརྟེན་ཐོག་མ་ཉིད་ནས་ངས་འབྱོན། ངས་ཐུབ་བསམས་པའི་སྙིང་སྟོབས་ལྡན་དགོས། སྙིང་སྟོབས་དེ་འདྲ་ཞིག་ཡིད་ལ་བཅངས་ནས་ཉིན་ཚན་དུས་དྲུག་ཏུ་དཀའ་ལས་བརྒྱབ་པ་ཡིན་ན་མ་བསྒྲུབ་པའི་བྱ་བ་གཅིག་ཀྱང་མེད། རིམ་བཞིན་བསམ་བློ་གཏོང་སྟངས་དེ་ང་ཚོའི་མི་ཚེའི་ནང་གོམས་པ་ཡིན་ན་རང་ཉིད་ཡར་ལ་ཆེན་པོ་ཆགས་སྐབས་ལས་དོན་ཚང་མའི་ཐོག་གདེང་ཚོད་གཅིག་རང་བཞིན་གྱི་བསླེབས་རྒྱུ་རེད། དེར་བརྟེན་རང་ཉིད་ལམ་ལྷོང་ལྡན་པ་ཞིག་བཟོ་དང་མི་བཟོ་སོ་སོའི་ལག་ཏུ་ཡོད། ཅེས་གསུངས་རྗེས་སྲིད་སྐྱོང་མཆོག་གིས་རང་ཉིད་ཀྱང་རྒྱ་གར་བྱང་ཤར་ས་ཁུལ་ནས་ཁྱིམ་ཚང་ཉམ་ཆུང་ཞིག་གི་བུ་ཡིན་པ་དང་།
དེ་རྗེས་རིམ་བཞིན་སློབ་སྦྱོང་ཐོག་དཀའ་ལས་བརྒྱབ་ནས་ད་ལྟ་བོད་མིའི་སྲིད་སྐྱོང་ཆགས་ཐུབ་ཡོད་སྐོར་གསུངས། གཞན་ཡང་སྐབས་དེར་སྲིད་སྐྱོང་མཆོག་གིས་མཐོ་སྒང་བོད་ཀྱི་སྐོར་ལ་གསུང་བཤད་གནང་སྐབས་བོད་ཀྱི་ས་ཆའི་ཆགས་བབ་དང་། བོད་དེ་ལྷོ་ཨེ་ཤི་ཡའི་མངའ་ཁུལ་དུ་ཇི་ཙམ་གལ་ཆེན་པོ་ཆགས་ཡོད་སྐོར། དེ་བཞིན་དེང་སྐབས་བོད་ནང་དུ་རྒྱ་ནག་གཞུང་གི་སྲིད་བྱུས་འོག་དམ་བསྒྲགས་ཇི་ཙམ་ཡོད་པ་དང་། བོད་མི་རྣམས་དཀའ་སྡུག་ཧ་ཅང་མྱོང་བཞིན་པའི་གནས་སྟངས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་གནད་དོན་དེ་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་འོག་སེལ་ཐབས་བྱེད་བཞིན་ཡོད་སྐོར་གསལ་བཤད་གནང་། དེ་རྗེས་སློབ་ཕྲུག་གི་དྲི་བ་རྣམས་ལ་ལན་འདེབས་ཞིབ་ཕྲ་གནང་འདུག་པ་བཅས།།