༢༠༡༥ ཟླ་ ༤ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༤ ཉིན་གྱི་སྔ་དྲོར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་སྐབས་རྒྱ་གར་གྱི་དགེ་རྒན་རྣམ་པས་མི་ཚེ་ཧྲིལ་པོའི་རིང་མ་འོངས་བོད་ཀྱི་སོན་རྩ་རྣམས་ཀྱི་ཤེས་ཡོན་ཆེད་ཕྱག་ལས་གནང་ཡོད། རྒྱ་གར་རྒྱལ་ཁབ་ནི་བོད་མི་ཚོར་མཐུན་འགྱུར་དང་རམ་འདེགས་མང་ཤོས་གནང་མཁན་གྱི་རྒྱལ་ཁབ་གཅིག་ཡིན། རྒྱ་གར་གཞུང་གི་རྒྱ་གར་ནང་གནས་སྡོད་བོད་མི་རྣམས་ལ་མཐུན་རྒྱུ་དང་རྒྱབ་སྐྱོར་ཧ་ལས་པ་གནང་ཡོད་པར་བརྟེན། ང་ཚོས་དུས་ནམ་ཡང་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་བརྗེད་རྒྱུ་མེད། ང་རང་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭའི་སློབ་མ་ཟུར་པ་ཞིག་ཡིན་པ་འི་ཆ་ནས་དེ་རིང་འདི་གར་ཡོད་པའི་དགེ་ལས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རྣམ་པས་སྐུ་ལས་སྐྱོན་ཏེ་འབད་བརྩོན་གནང་བར་བརྟེན་མ་འོངས་བོད་ཀྱི་སོན་རྩ་རྣམས་གསོ་སྐྱོང་ཡག་པོ་བྱུང་ཡོད། བོད་པའི་སློབ་ཕྲུག་རྣམས་མདུན་ལམ་ཁོ་ནའི་དོན་དུ་སློབ་སྦྱོང་བྱེད་ཀྱི་མེད། མི་གཞན་ཚོས་སོ་སོའི་མི་ཚེའི་མདུན་ལམ་ཆེད་སློབ་སྦྱོང་བྱེད་ཀྱི་ཡོད།
འོན་ཀྱང་བོད་པའི་སློབ་ཕྲུག་ཚོ་བོད་ཀྱི་རྩ་དོན་ཆེད་སློབ་སྦྱོང་བྱེད་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་སློབ་ཕྲུག་རྣམས་ཀྱིས་དྲི་བར་ལན་འདེབས་གནང་། ཕྱེད་ཡོལ་སྲིད་སྐྱོང་
མཆོག་གིས་ཨོ་རི་ས་གཞིས་ཆགས་ཀྱི་མི་མང་རྣམས་ལ་གསུང་བཤད་གནང་སྐབས་རྒྱ་གར་གཞུང་གིས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་སྐོར་གསུང་དོན། ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་གཞུང་གིས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ཤིག་གཏན་འབེབས་གནང་བ་དེ་ནི་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། སྲིད་བྱུས་དེའི་ནང་བོད་བཙན་བཟུང་བྱས་པ་ནས་བཟུང་རྒྱ་གར་ལ་བོད་མི་སྐྱབས་བཅོལ་བ་བསླེབས་པ་རེད། སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཁག་ལ་ས་ཆ་ཡོད་པ་དེ་དག་གི་འགན་དབང་དེ་བོད་མིའི་སྒྲིག་འཛུགས་ལ་སྤྲད་ཡོད། གཞིས་ཆགས་ཁག་དེ་དག་ལ་ས་གནས་འགོ་འཛིན་ཡོད།
ས་གནས་འགོ་འཛིན་ལ་རྒྱ་གར་གཞུང་གིས་ཡིག་ཐོག་དང་ཁྲིམས་མཐུན་གྱི་ཐོག་ནས་ངོས་འཛིན་གནང་ཡོད། དེ་ལྟར་བྱས་ཏེ་ང་ཚོ་ཕུགས་བརྟན་པོ་ཆགས་ཡོད། རྒྱ་གར་གཞུང་ནི་བོད་མིར་ཧ་ཅང་བཀའ་དྲིན་ཆེན་པོ་རེད། ལོ་ངོ་ ༥༠ རྗེས་ཡིག་ཐོག་ནས་སྲིད་བྱུས་གཏན་འབེབས་གནང་ཡོད། དེ་བཞིན་ཧི་མ་ཅའ་མངའ་སྡེ་ནས་མངའ་སྡེའི་སྲིད་བྱུས་དང་ཨུཏྟར་ཁཎྜ་་མངའ་སྡེའི་སྲིད་བྱུས་ལྟ་བུ་མངའ་སྡེ་ནས་མངའ་སྡེའི་སྲིད་བྱུས་ཡོང་བཞིན་ཡོད་སྟབས།་ཨོ་རི་སར་ཡང་དེ་བཞིན་ཡོང་གི་རེད་བསམས་ཀྱི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད། སྲིད་སྐྱོང་མཆོག་གིས་གཞིས་ཆགས་སྲ་བརྟན་ཡོང་ཆེད་ས་ཞིང་བདག་གཅེས་བྱེད་དགོས་སྐོར་དང་། བོད་མི་རྣམས་རང་ཁ་རང་གསོ་བྱེད་དགོས་པ། བོད་རིགས་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་མཐུན་རྐྱེན་སྦྱོར་བཞིན་ཡོད་པ་ལྟར་ཕ་མའི་ངོས་ནས་ཀྱང་ཕྲུ་གུའི་སློབ་སྦྱོང་ཐོག་ཤུགས་རྒྱག་དགོས་སྐོར་སོགས་དང་། དེ་བཞིན་མང་ཚོགས་ཀྱི་དྲི་བར་ལན་འདེབས་ཀྱང་གནང་ཡོད་པ་བཅས།།