༢༠༡༥ ཟླ་ ༤ ཚེས་ ༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་མཆོག་རྒྱ་གར་ཨོ་རི་ས་མངའ་སྡེའི་རྒྱལ་ས་བྷུབ་ནེཤི་ཝར་ (Bhubaneswar) གནམ་ཐང་དུ་ཕེབས་འབྱོར་སྐབས། ཨོ་རི་ས་ཕུན་ཚོགས་གླིང་གི་ས་གནས་འགོ་འཛིན་དང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་འདུག དེ་རིང་ཕྱེད་ཡོལ་སྲིད་སྐྱོང་མཆོག་གཞིས་གྲོང་ ༢ དང་ ༣ པའི་དགོན་པར་གནས་མཇལ་དུ་ཕེབས་རྒྱུ་དང་། ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོར་ཨོ་རི་བོད་མིའི་སློབ་གྲྭའི་སློབ་ཕྲུག་རྣམས་ལ་གསུང་བཤད་དང་། ཕྱེད་ཡོལ་མི་མང་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༥ ཉིན་རྒྱལ་ས་བྷུབ་ནེཤི་ཝར་དུ་རྟེན་གཞི་བྱས་པའི་ (KIIT University) གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་སློབ་ཁྱོན་མི་གྲངས་ ༢༥༠༠༠ ཙམ་ལ་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས།།