༢༠༡༥ ཟླ་ ༤ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་ཐོན་གྱིས་མཇའ་མུ་བརྒྱུད་ཉི་ཧོང་དུ་ཆིབས་སྒྱུར་བསྐྱངས་པ།
དེ་ཡང་ཞོགས་པ་ཆུ་ཚོད་བརྒྱད་པ་ཙམ་ལ་བཞུགས་སྒར་ནས་ཆིབས་སྒྱུར་སྐབས་ལམ་གཡས་གཡོན་དུ་སེར་སྐྱ་མི་མང་གིས་དཀར་གཙང་མཇལ་དར་དང་དྲི་བཟང་བདུག་སྤོས་ཐོགས་ཏེ་ཕེབས་སྐྱེལ་དང་སྦྲགས་མཇའ་མུ་གནམ་ཐང་ནས་མཁའ་ལམ་བརྒྱུད་ཉི་ཧོང་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༢ དང་ ༡༣ བཅས་ཉིན་གཉིས་རིང་ཉི་ཧོང་ཊོག་ཁྱོའོ་རུ་ཞའོ་བཱ་ཇོ་ཤིས་ཧེ་ཊོ་མིས་ཚོགས་ཁང་ Showa Joshi Hitomi Hall ཞེས་པར་ཤེས་རབ་སྙིང་པོ་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས། སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་བ། འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་གནང་བཅས་བཀའ་དྲིན་སྩལ་རྒྱུ་ཡིན་འདུག །