༢༠༡༥ ཟླ་ ༣ ཚེས་ ༢༨ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༨ ཉིན་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་ཕྱི་ཟླ་ ༣ ཚེས་ ༡༦ ནས་ཚེས་ ༢༨ བར་ཚོགས་པ་དེ་ཉིན་ཡོངས་སུ་མཇུ་སྒྲིལ་ཡོད། ཐེངས་འདིའི་གྲོས་ཚོགས་སུ་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་རྩིས་ལོ་ ༢༠༡༥་་་༢༠༡༦ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་སྙན་ཐོ་སྙནསྒྲོན་ཞུས་ཡོད་པ་སོགས་ལ་བགྲོ་གླེང་ལྷུག་པོ་གནང་ཡོད་པ་དང་། དེ་བཞིན་གདུང་སེམས་མཉམ་སྐྱེ་སོགས་ཀྱི་གྲོས་ཆོད་ཁག་གཅིག་དང་། ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་གཏན་འབེབས་ཀྱིས་བསྐྱར་བཅོས་སོགས་གནང་སྟེ་དེ་རིང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢། ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གྲོས་ཚོགས་ཚོགས་དུས་དགུ་པ་མཇུག་སྒྲིལ་གྱི་གསུང་བཤད་གནང་སྟེ་གྲོས་ཚོགས་གྲོལ་ཡོད།
དེ་ཡང་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་མཇུག་སྒྲིལ་གྱི་ཡོད། དེར་བརྟེན་ཕྱོགས་ཡོངས་ནས་གང་བྱུང་པའི་བསྡོམས་བརྒྱབ་ཀྱི་ཡོད། གྲོས་ཚོགས་ཀྱི་འགྲོ་ལུགས་གཞིར་བཟུང་ཚོགས་འདུ་འགོ་བཙུགས་པའི་སྐབས་དབུ་འབྱེད་གཏམ་བཤད་བྱེད་རྒྱུ་དང་མཇུག་བསྡུས་པའི་སྐབས་མཇུག་བསྡོམས་གཏམ་བཤད་བྱེད་བཞིན་ཡོད། དབུ་འབྱེད་དང་མཇུག་བསྡོམས་ཀྱི་གཏམ་བཤད་དེ་ཚོགས་གཙོའི་ཐག་གཅོད་གང་ཡང་ཆགས་ཀྱི་མེད་པར་ཚོགས་གཙོ་སྦྲེལ་པོ་གཉིས་ཀྱི་བསམ་ཚུལ་རེད། འདི་གཅིག་ཐུགས་ལ་ངེས་དགོས་ཀྱི་ཡོད། ཕྱོགས་ཡོངས་ནས་གྲོས་ཚོགས་ཚོགས་འདུ་དགུ་པའི་ཐོག་བར་ཆད་ཕྲན་བུ་གཅིག་ཕྲད་པ་མ་གཏོགས། སྤྱི་ཡོངས་ཀྱི་ལས་དོན་དེ་དག་ང་ཚོ་ཚང་མར་འགན་བསྐུར་བ་བཞིན་ཆ་ཚང་བ་ཞིག་བསྒྲུབས་ཐུབ་པ་དེ་ཡག་པོ་བྱུང་སོང་ཞེས་ཞུ་རྒྱུ་ཡིན། འདི་ནི་ཚོགས་གཙོ་སྦྲེལ་པོ་གཅིག་པུ་མིན་པར་འཛིན་སྐྱོང་བཀའ་ཤག་དང་བཀུར་འོས་སྤྱི་འཐུས་རྣམ་པས་ཐུགས་འགན་བཞེས་པར་བརྟེན་བྱུང་བ་ཞིག་ཡིན། རྣམ་པ་ཚོ་ཚང་མར་ཚོགས་གཙོ་གཉིས་ལ་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་ལས་དོན་གང་འདྲ་ཞིག་ཡིན་ཡང་གང་ལྟར་བར་ཆད་དང་གདོང་ལེན་བྱེད་དགོས་རྒྱུ་རང་བཞིན་གྱི་མང་པོ་ཞིག་ཡོང་གི་རེད། གནད་དོན་གང་བྱུང་ཡང་ནང་པ་སངས་རྒྱས་པ་གཅིག་ཡིན་པའི་ཆ་ནས་རྒྱུ་དང་རྐྱེན་མང་པོ་ཞིག་འཛོམས་པའི་ཐོག་ནས་ཡོང་གི་ཡོད་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།
ཐེངས་འདིའི་གྲོས་ཚོགས་ནང་ལའང་བྱུང་བ་རེད། ཚོགས་གཙོ་སྒེར་ལ་ཆ་བཞག་ནའང་ད་ལན་ཕྲན་བུ་བློ་མ་བདེ་བ་གཅིག་ནི་གྲོས་ཚོགས་སྟངས་འཛིན་བྱེད་སྐབས་སྤྱི་འཐུས་རེ་བཟུང་གི་ཁ་ཐུག་ཁ་ཐུག་ལན་བརྒྱབ་ཡོང་རྒྱུ་དེ་འདྲ་བྱུང་། དེ་ཚོགས་གཙོ་སྤེན་པ་ཚེ་རིང་གི་གནས་ཚུལ་གཅིག་རེད། ཚོགས་གཙོས་གཙོ་སྐྱོང་བྱེད་མཁན་སྔོན་མ་ཕེབས་ཡོད་ལ་མ་འོངས་པར་ཡང་ཡོང་གི་རེད། དེར་བརྟེན་གྲོས་ཚོགས་ཀྱི་འགྲོ་ལུགས་ཀྱི་ཐོག་གཟབ་གཟབ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སོ་སོ་སྒེར་གྱི་དོན་དག་སྒྲུབ་རྒྱུ་ཁོ་ནའི་སྐད་ཆ་མིན། ང་ཚོས་བོད་མི་ས་ཡ་དྲུག་དང་བོད་སྤྱི་པའི་དོན་དུ་ལས་ཀ་བྱེད་བཞིན་ཡོད། དེ་སེམས་ལ་བཞག་པའི་ཐོག་ནས་གྲོས་ཚོགས་ཀྱི་འགྲོ་སྟངས་དེ་ཚད་དང་ལྡན་པ་ཞིག་འགྲོ་ཐུབ་དགོས། སྔོན་མ་ཡིན་ནའང་སོང་ཡོད་ལ་མ་འོངས་པར་ཡང་ཚད་དང་ལྡན་པ་ཞིག་འགྲོ་ཐུབ་པ་བྱེད་རྒྱུའི་ཐོག་དགོངས་པ་བཞེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་ང་སྒེར་དང་འབྲེལ་བའི་ཐོག་ནས་གྲོས་ཚོགས་འདིའི་ནང་གནས་ཚུལ་བསླེབས་ཡོད། གྲོས་ཚོགས་ནང་ལའང་གསལ་བཤད་བྱེད་རྒྱུ་བྱུང་། ང་རང་སྒེར་གྱི་ངོས་ནས་ལྷག་བསམ་རྣམ་དག་དང་གཙང་མ་ཡིན། དེ་ལ་ངོ་གནོངས་དགོས་པ་དང་ཞུམ་དགོས་པ་དེ་འདྲ་རྩ་བ་ཉིད་ནས་མེད། དེ་བཞིན་གནད་དོན་གཞན་པ་དེ་འདྲ་ཡང་གྲོས་ཚོགས་ནང་ཡང་ཡང་བསླེབ་བཞིན་ཡོད་སྟབས། ཚོགས་གཙོའི་རེ་བར་འདི་གཙང་མ་ཞིག་བཟོ་ཐུབ་ན་བསམས་ཀྱི་ཡོད། དེ་ཡང་འཛིན་སྐྱོང་བཀའ་ཤག་གི་ཐུགས་འགན་བཞེས་ཏེ་གནང་ཐུབ་ན་མ་འོངས་པར་གྲོས་ཚོགས་ནང་གླེང་མ་དགོས་པ། གནད་དོན་གཞན་ཁག་གྲོས་ཚོགས་ནང་ཡང་ཡང་བསླེབ་བཞིན་པ་དེ་དག་འཛིན་སྐྱོང་བཀའ་ཤག་གི་རྒྱུད་རིམ་ཆ་ཚང་ཞིག་མཁྱེན་གྱི་ཡོད་པར་བརྟེན། དེར་ངོས་འཛིན་གང་འདྲ་ཞིག་གནང་གི་ཡོད་མེད་གསལ་པོ་གསུངས་ན། མ་འོངས་པར་དེ་དང་དེའི་རིགས་གྲོས་ཚོགས་ནང་གླེང་མ་དགོས་པའི་རེ་བ་ཞུ་བཞིན་ཡོད། འདི་གཅིག་དགོངས་པར་འཇགས་གནང་རོགས་ཞེས་ཞུ་འདོད་བྱུང་།
ང་ཚོའི་གྲོས་ཚོགས་ལས་རིམ་འདི་གང་འདྲ་ཞིག་འགྲོ་བཞིན་ཡོད་ཀྱང་བརྗོད་གཞི་འབྲེལ་ཡོད་དེའི་ཐོག་ལ་བཀའ་མོལ་གསུང་པ་ཡིན་ན། དཔེར་ན། གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་རེད། བོད་ནང་དུ་གཞིས་ལུས་མང་ཚོགས་རྣམས་ཀྱིས་རང་སྲོག་ཚུན་ཆད་བློས་གཏོང་གནང་གི་ཡོད། ཁོང་ཚོའི་ནང་མི་སྤུན་མཆེད། བརྒྱུད་འཛར་ཚང་མར་སེམས་ངལ་ཤུགས་ཆེན་པོ་ཞིག་ཡོད། དེ་བཞིན་བཙོན་དུ་ལུས་པ། བཙོན་དུ་ལུས་མེད་ཀྱང་ལུས་སེམས་གཉིས་ལ་དཀའ་ངལ་ཧ་ཅང་འཕྲད་མཁན་རྣམས་ལ་ང་ཚོས་གདུང་སེམས་མཉམ་སྐྱེ་ཞུ་བཞིན་ཡོད། དེར་བརྟེན་དོན་དེར་ཕན་པའི་གདུང་སེམས་མཉམ་སྐྱེ་ཞུ་ཐུབ་པ་ཡིན་ན། དེའི་བར་སྐད་ཆ་གཞན་མ་བསྲེས་པ་ཡིན་ན། གདུང་སེམས་མཉམ་སྐྱེའི་གྲོས་འཆར་དེ་ང་ཚོས་གཟི་བརྗིད་ལྡན་པའི་ཐོག་ནས་གཏན་འབེབས་བྱེད་ཐུབ་རྒྱུ་རེད། དེ་མཚུངས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གྲོས་འཆར་རེད། བཀུར་འོས་སྤྱི་འཐུས་གཉིས་ཀྱིས་བཀའ་དྲིན་རྗེས་དྲན་གྱི་གསུང་བཤད་གནང་སྐབས་བཀུར་འོས་སྤྱི་འཐུས་ཐོག་མ་གསུང་མཁན་ཁོང་གི་གསུང་བབ་ལ་དངོས་ནས་ཧ་ཅང་དགའ་པོ་བྱུང་། ཡག་པོ་ཞེ་དྲག་གསུངས་ཡོད། འོན་ཀྱང་བར་མཚམས་ཞིག་ནས་ཆོས་ལུགས་དང་ཆོལ་ཁའི་གནས་ཚུལ་གཅིག་པུར་བཀའ་དྲིན་ཆེན་པོ་ཡིན་པ་ལྟར་གསུངས་སོང་། ༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་མ་ཁྱབ་པའི་བོད་མི་སུ་ཡོད། བོད་མི་ས་ཡ་དྲུག་ཚང་མར་བཀའ་དྲིན་ཆེན་པོ་ཆགས་ཡོད། ད་ལྟ་ང་ཚོ་འདིར་ཕྲ་ལྷམ་མེར་འཛོམས་ཐུབ་པ་དང་། སྤོབས་པ་ཆེན་པོའི་ཐོག་ནས་རྒྱལ་སྤྱིའི་ནང་ཐོན་ཐུབ་རྒྱུ། དེ་བཞིན་ང་ཚོའི་སྤྱི་ཚོགས་ཧྲ་ཏག་ཏག་བྱས་ནས་སྡོད་ཐུབ་པ་སོགས་སྒྲིག་འཛུགས་ཡིན་ནའང་འདྲ། སྤྱི་སྒེར་སུ་འདྲ་ཞིག་ཡིན་ཡང་ཚང་མའི་དགེ་བའི་རྩ་བ་དེ་ཐུག་ས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉག་གཅིག་ལ་ཐུག་པ་ཞིག་ཡིན་པ་ལས་ང་ཚོའི་སྤྱི་ཚོགས་ནང་ང་ཡིན། ཁོ་ཡིན་ཟེར་ནས་ཤོད་མཁན་སུ་ཡིན་ནའང་བློ་ཁ་ནང་དུ་ཕྱོགས་ནས་བསམ་བློ་ཞིག་བཏང་ན་བཀའ་དྲིན་ཆེན་པོ་སུ་ཡིན་ཤེས་རྟོགས་ཡོང་གི་རེད། དེར་བརྟེན་༸རྒྱལ་བ་རིན་པོ་ཆེ་ལས་བཀའ་དྲིན་ཆེ་བ་ཞིག་མེད། བཀའ་དྲིན་རྗེས་དྲན་སྐབས་བཀའ་དྲིན་རྗེས་དྲན་ཁོ་ནའི་ཐོག་ནས་གསུང་ཐུབ་པ་དང་བཀའ་དྲིན་རྗེས་དྲན་གྲོས་ཆོད་དེ་ཡང་གཟི་བརྗིད་ལྡན་པའི་ཐོག་ནས་འཇོག་ཐུབ་པ་ཡིན་ན། དེ་རང་དོན་དག་གཅིག་རེད།
སྤྱིར་སྟངས་མིའི་སྤྱི་ཚོགས་དེ་ཡང་ཕན་ཚུན་གཅིག་ལ་གཅིག་བརྟེན་དགོས་སྟབས་རྙོག་གྲ་ཆེ་ཕྲ་ཆུང་གསུམ་ཡོང་ངེས་ཤིག་རེད། ཡོང་བ་གཞིར་བཟུང་གིས་ང་ཚོས་གདོང་ལེན་བྱེད་དགོས་རྒྱུ་དེ་ང་ཚོའི་སྐབས་སུ་བབ་པའི་ལས་འགན་རེད། དཔེར་ན། ང་ཚོགས་གཙོ་བྱས་ནས་ལོ་དྲུག་ཙམ་འགྲོ་གི་འདུག ལོ་དྲུག་ལྷག་ཙམ་ནང་གང་ཐུབ་ཀྱིས་རྙོག་གྲ་ཆེན་པོ་བྱུང་ན་ཆུང་རུ་གཏོང་རྒྱུ་དང་ཆུང་ཆུང་དེ་དག་མེད་པ་བཟོ་རྒྱུར་གང་ཐུབ་འབད་བརྩོན་གང་ཡོད་བྱས་པ་ཡིན། སྤྱི་འཐུས་ལྷན་ཚོགས་ནང་ཡིན་ནའང་འདྲ། སྤྱི་འཐུས་རྒྱུན་ལས་ནང་ཡིན་ནའང་འདྲ། ལས་དོན་ཐོག་ཤུགས་རྒྱག་རྒྱུ་དང་། ཚང་མས་ནུས་པ་མཉམ་སྤུངས་བྱ་རྒྱུའི་ཐོག་འབད་བརྩོན་བྱས་ནས། འབོར་ཤོབ་བཤད་པ་མིན། སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་འདིས་ལས་དོན་གང་ལ་གང་ཙམ་ཞིག་བསྒྲུབ་ཐུབ་སོང་བསམ་པ་ཞིག་བྱུང་། ང་ཚོའི་སྤྱི་ཚོགས་ནང་ཡིན་ནའང་འདྲ། ཕྱིའི་རྒྱལ་ཁབ་དང་མི་རིགས་ལ་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་ཡིན་ནའང་འདྲ། གྲུབ་འབྲས་གང་ལ་གང་ཙམ་ཞིག་བསྒྲུབ་ཐུབ་སོང་བསམ་པའི་སྤོབས་པ་ཞིག་ཀྱང་ཡོད་ལ། མང་ཚོགས་ཁྲོད་དུའང་སྐབས་བཅོ་ལྔའི་སྤྱི་འཐུས་ལྷན་ཚོགས་འདི་ཡག་པོ་འདུག་བསམ་པའི་བསམ་ཚུལ་ཞིག་དང་། སྤྱི་འཐུས་ལྷན་ཚོགས་འདི་མི་མང་གི་འཐུས་མི་ཡིན་པའི་ཆ་ནས་སྤྱི་པའི་ལས་འགན་ཡག་པོ་ཞིག་བསྒྲུབ་སོང་བསམ་པའི་ཚོར་སྣང་ཞིག་མི་མང་གིས་ཚུར་ཤོད་སྐབས་ཡོང་གི་འདུག དེ་འདྲ་བའི་མི་མང་གིས་རྒྱབ་སྐྱོར་ཞིག་གནང་སྐབས་རང་བཞིན་གྱིས་ལས་ཀ་བྱ་རྒྱུར་ནུས་པ་དང་སེམས་ཤུགས་སྣོན་མ་ཞིག་སྐྱེ་ཡི་འདུག འདི་ནི་ང་ཚོ་ཚང་མའི་ལས་དོན་བྱས་པའི་གྲུབ་འབྲས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད། སྐབས་བཅོ་ལྔ་པའི་སྤྱི་འཐུས་འདིའི་གྲོས་ཚོགས་ཚོགས་དུས་གཉིས་ལས་ལྷག་མེད། དེའི་སྐབས་སུ་ཡིན་ནའང་སྤྱི་དོན་རང་བསམས་ནས་ལས་འགན་འཁྱེར་དགོས་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད། ཅེས་ཞུ་རྒྱུ་ཡིན།
ཐེངས་འདིའི་གྲོས་ཚོགས་འདི་སྔོན་རྩིས་ཀྱིས་གྲོས་ཚོགས་ཡིན་པར་བརྟེན་དུས་ཚོད་མང་ཤོས་དེ་སྔོན་རྩིས་ཐོག་བཏང་ཡོད། སྔོན་རྩིས་ཁྱོན་བསྡོམས་པའི་གང་ལྟར་ཕྱི་ལོ་ ༢༠༡༤།༢༠༡༥ ལོའི་སྔོན་རྩིས་ད་ལྟ་འགྲོ་བཞིན་པ། ཉིན་འགའ་ཤས་ནང་མཇུག་སྒྲིལ་འགྲོ་རྒྱུ་འདིའི་བསྡོམས་ནང་ལ་མཚོན་ན། ཕལ་ཆེར་སྒོར་ས་ཡ་ ༢༢༡༢ ཙམ་ཞིག་འཛིན་སྐྱོང་བཀའ་ཤག་གིས་འགྲོ་སོང་གཏོང་བཞིན་ཡོད། དེ་གཞིར་བཟུང་ཐོག་ང་ཚོས་བསྐྱར་བཅོས་སྔོན་རྩིས་ཐོག་ནས་གཏན་འབེབས་བྱས་པ་རེད། ཚུར་ཡོང་འཆར་དེ་ས་ཡ་ ༢༠༤༥ དང་། སོང་ཆར་དེ་སྒོར་ས་ཡ་ ༢༢༡༢ བྱས་ནས་ཁ་མ་འདུམ་པ་ས་ཡ་ ༡༦༧ བྱས་ནས་དེ་ཡང་ཁ་མ་འདུམ་པ་དེ་ད་ལྟ་རྩིས་འགོ་རྒྱབ་རྒྱུ་ཡིན་པར་བརྟེན། ཆ་ཚང་བ་ཞིག་ང་ཚོས་བརྗོད་ཐུབ་རྒྱུ་མ་རེད། འགྲོ་སོང་གཏོང་མི་དགོས་པ་དང་ལྷག་མ་དེ་འདྲ་བྱས་ཚེ་གང་ལྟར་ཁ་ཞིག་འདུམ་འགྲོ་བཞིན་ཡོད། གང་ལྟར་དངུལ་འབོར་ཧ་ཅང་ཆེན་པོ་ཞིག་འགྲོ་སྡོད་ཀྱི་ཡོད། དེ་བཞིན་འཆར་ལོ་ ༢༠༡༥།༢༠༡༦ ནང་ཡིན་ནའང་ད་ལྟ་འདིར་གཏོང་ལེན་ཁྲིམས་ཡིག་ནང་གསལ་བ་བཞིན་སྒོར་ས་ཡ་ ༢༠༡༨ ཙམ་ཞིག་འགྲོ་སོང་འགྲོ་གི་ཡོད། ཚུར་ཡོང་རྒྱུ་དེ་སྒོར་ས་ཡ་ ༡༩༠༠ རེད། དེའི་ཐོག་ད་ལྟ་ས་གནས་འཐུས་ཚོགས་མེད་པ་དང་། སྨན་ཁང་ཁག་གཅིག་གི་འགྲོ་སོང་དེ་དག་སྒོར་ས་ཡ་ ༤༥ བྱ་ནས་འགྲོ་ཡི་ཡོད། དེ་ཚོའི་ནང་ལ་བོད་ཕྲུག་ཁྱིན་སྡེ་ཡིན་ནའང་སྒོར་ས་ཡ་ ༥༠།༦༠ ཙམ་གཏོང་བཞིན་ཡོད། རང་སྐྱོང་གི་སྡེ་ཚན་སྨན་རྩིས་ཁང་དང་ཟློས་གར། ནོར་བུ་གླིང་ཁ་སོགས་མང་པོ་ཞེ་དྲག་ཡོད་པ་དེ་དག་སྔོན་རྩིས་འདིའི་ནང་ཚུད་ཀྱི་མེད། ཕྱོགས་མཚུངས་དགོན་སྡེ་ཁག་དེ་དག་ཀྱང་འགྲོ་སོང་ཡོངས་རྫོགས་སྒྲིག་འཛུགས་རང་ཉིད་ཀྱིས་ཐབས་ཤེས་གནང་བཞིན་ཡོད་སྟབས་འདིར་ཚུད་ཀྱི་མེད། འགྲོ་སོང་ཕོན་ཆེ་ཞིག་གཏོང་བཞིན་ཡོད་སྟབས། སྔ་མོ་སྔོན་རྩིས་ཀྱི་བྱུང་རིམ་ལ་མར་བལྟས་ནས་ཕྱི་ལོ་ ༡༩༦༠།༡༩༧༠ སྐབས་ནས་མར་ལྟ་སྐབས། སྐབས་དེ་དག་ཏུ་འབུམ་ལྔ་ཙམ་རེད། ལོ་ལྔ་མཚམས་ལྔ་མཚམས་ཀྱི་རྩིས་ཕྲར་ལྟ་སྐབས། ལོ་ལྔ་ལྔ་ལ་བརྡབ་གཅིག་ཡར་འཕར་འགྲོ་གི་འདུག དེ་ནས་ཕྱི་ལོ་ ༡༩༩༠ གོ་གྲངས་ནས་ཕྱི་ལོ་ ༢༠༠༠ སྐབས་མར་བསླེབས་ཡོང་སྐབས་དེང་སྐབས་སྤྱིར་དངུལ་གྱི་རིན་བབ་དེ་མར་ཆག་འགྲོ་བཞིན་ཡོད་སྟབས། འགྲོ་སོང་དེ་ཡང་ཤུགས་ཆེ་རུ་ཕྱིན། ང་ཚོའི་སྤྱི་ཚོགས་ནང་ལས་ཀ་བྱ་རྒྱུ་དེ་ཡང་ཤུགས་ཆེ་རུ་ཕྱིན་ནས་དེང་སང་ལོ་ལྔ་སྒུག་དགོས་ཀྱི་མེད། ལོ་ལྔའི་སྔོན་ནས་ཉིས་བརྡབ་འཕར་འགྲོ་རྒྱུ་དེ་འདྲ་ཡོང་གི་ཡོད།
ཕྱོགས་གཅིག་ནས་ད་ལྟ་སྔོན་རྩིས་འདི་ཚོའི་སྐབས་ནས་བོད་སློབ་འཛིན་ཚོགས་ནས་སློབ་གྲྭ་དེ་དག་ཚུར་རྩིས་ལེན་ཐུབ་མ་ཐུབ་པའི་གནས་སྟངས་འོག་བཀའ་འཁྲོལ་ཞུས་པ་དེའི་ཐོག་ནས་ས་ཡ་ ༥༠ ལྷག་ཡས་མེད་ཀྱི་ཁྱད་པར་ཞིག་འགྲོ་བཞིན་ཡོད། ཡིན་ནའང་དངུལ་འབོར་གྱི་ཐོག་ནས་ཆ་བཞག་ནའང་འགྲོ་སོང་དེ་ཙམ་འགྲོ་གི་ཡོད། དེའི་ནང་ནས་མང་པོ་ཞིག་ཤེས་ཡོན་དང་འཕྲོད་བསྟེན། དེ་བཞིན་ནང་སྲིད་ལས་ཁུངས་ཀྱི་མི་མང་གི་བདེ་སྡུག་ལྟ་ཆེད་འགྲོ་གི་ཡོད། ད་ལྟ་ཡིན་ནའང་གྲོས་ཚོགས་འདིའི་ནང་སྲིད་ལས་ཁུངས་ཀྱིས་ཁང་པ་རྒྱག་རྒྱུས་མཚོན་འདི་དང་འདི་བྱེད་དགོས་འདུག ཅེས་བཀའ་མོལ་མང་པོ་བྱུང་ཡོད་པར་བརྟེན། འཛིན་སྐྱོང་བཀའ་ཤག་ལ་གནང་དགོས་པ་མང་དག་གཅིག་ཆགས་ཡོད། དངོས་གནས་བྱས་ན་ང་ཚོའི་སྤྱི་ཚོགས་ནང་སྒེར་གྱི་དཔལ་འབྱོར་གནས་བབ་གང་ལ་གང་ཙམ་ཡར་རྒྱས་འགྲོ་བཞིན་ཡོད། ཁ་སེང་ངས་སྦེལ་ཀོབ་ཏུའང་བཤད་པ་ཡིན། སྒེར་གྱི་ཁང་པ་དེ་ཚོ་ཧ་ཅང་ཡག་པོ་བརྒྱབ་པ་དང་། བག་སྟོན་མཛད་སྒོ་དང་སྤྲོ་སྐྱིད་སོགས་གཏོང་སྐབས་སུའང་སྒོར་ཧ་ཅང་ཕོན་ཆེ་དེ་འདྲ་གཏོང་བཞིན་འདུག འོན་ཀྱང་སྤྱི་དོན་ཐོག་སྤུངས་རྒྱུ་འདི་ཞན་ཆ་ཧ་ཅང་འདུག དེར་བརྟེན་སྤྱི་པའི་ཐོག་ང་ཚོས་ཁ་ཡོད་ལག་ཡོད་ཀྱིས་རང་ཁ་རང་གསོ་བྱེད་དགོས་ཀྱི་ཡོད་ན། སྤྱི་པའི་ཐོག་ལ་སྤུངས་ཐུབ་པ་བྱ་རྒྱུ་འདི་གལ་ཆེན་པོ་རེད། སོ་སོ་སྒེར་ཙམ་ཞིག་མིན་པར་སྤྱི་པའི་ཐོག་ལ་བསམ་བློ་གཏོང་དགོས་པ་ཞིག་ཏན་ཏན་རེད། ཕྱོགས་གཞན་ཞིག་ནས་ད་ལྟ་སྔོན་རྩིས་དང་འབྲེལ་བའི་ཐོག་ནས་དཔྱ་ཁྲལ་དང་འབྲེལ་བའི་བཀའ་མོལ་དེ་བསླེབས་ཀྱི་ཡོད། དེར་བརྟེན་དཔྱ་ཁྲལ་གྱི་བྱུང་རིམ་དང་བྱས་ནས་མར་གྲོས་ཚོགས་ནང་ལ་ཡང་ཡང་གསུང་སྐབས། ཡང་ན་དེར་བསྐྱར་བཅོས་གཅིག་བྱོས། བསྐྱར་བཅོས་བྱ་རྒྱུར་འདོད་པ་ཡོད་ན། དང་བླངས་དཔྱ་ཁྲལ་ཟེར་བ་དེ་མི་དགོས་པར་མིང་གཞན་གང་འདོགས་དགོས་པ་དེ་བཏགས། གྲོས་ཚོགས་ནང་ཡང་ཡང་བསླེབ་ཡོང་སྐབས་ཏོག་ཙམ་མི་བདེ་བ་ཞིག་འདུག གཞན་ཚོར་གོ་བརྡ་ཇི་འདྲ་ཞིག་འཕྲོད་ཡོང་བསམས་ནས་མི་བདེ་བ་ཞིག་འདུག རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཐོག་མ་ཕྱི་ལོ་ ༡༩༧༢ ལོར་བཙུགས་པ་ནས་ཟུང་ད་བར་བྱུང་རིམ་ཞིག་ཡོད། བྱུང་རིམ་དེ་དང་འབྲེལ་ནས་མིང་འདི་ལྷག་ཡོད། དཔྱ་ཁྲལ་སྤྲོད་རྒྱུ་དེའང་འདི་ལོ་ལྟ་བུར་མཚོན་ན་སྔ་ལོ་ལས་འབུམ་བརྒྱ་ལྷག་ཙམ་འཕར་ཡོད། འདི་ནི་མང་ཚོགས་ཀྱིས་མཉམ་ཞུགས་ཤུགས་ཆེ་བ་བྱས་པར་བརྟེན་བྱུང་བ་ཞིག་རེད། རྒྱ་བལ་འབྲུག་གསུམ་ནང་བོད་མི་མང་ཆེ་བས་ཕུལ་གྱི་ཡོད། དེ་མིན་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་ཚང་མས་དཔྱ་ཁྲལ་ཞིག་ཕུལ་བ་ཡིན་ན། རྒྱ་གར་སྒོར་འབུམ་ཉིས་སྟོང་མིན་ཙམ་ཞིག་ཡོང་ངེས་རེད། ཡིན་ནའང་མ་ཕུལ་མཁན་ཚོ་ལའང་དཔྱ་ཁྲལ་འབུལ་མ་ཐུབ་པའི་རྒྱུ་མཚན་མང་པོ་ཞིག་གསུང་རྒྱུ་ཡོད་པ་དེ་གསལ་པོ་རེད། ཐེངས་འདིར་འཛིན་སྐྱོང་བཀའ་ཤག་གིས་དགོངས་པ་རྒྱ་ཆེར་བཞེས་ནས་ཆག་ཡང་ཞིག་གནང་ཡོད། མ་འོངས་པར་ཡང་ཆག་ཡང་ཞིག་གནང་མི་ཡོང་མཉམ་ནས་སྒུག་བསྡད་ན་བོད་མིའི་ལས་འགན་བསྒྲུབ་མ་ཐུབ་པ་ཞིག་ཆགས་ཡོད། འདི་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད། གཞན་བོད་སྤྱི་པའི་རྩ་དོན་ལ་གང་ཡང་བྱེད་མ་ཐུབ་པ་ཡིན་ནའང་ཉུང་མཐར་སོ་སོའི་ལས་ཀ་བྱས་ནས་དཔྱ་ཁྲལ་དེ་འབུལ་ཐུབ་པ་ཡིན་ནའང་འགྲིག་ཡོད། ཁ་སེང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལས་རིམ་གཅིག་ནང་བཀའ་གནང་བ་ལྟར། འདི་ག་རྡ་སར་ཕྱག་ལས་གནང་མཁན་ཚོར་གསོལ་ཕོགས་དང་ཐོབ་ཐང་ག་ཚོད་ཡོད་པ་དེ་ཚོའི་གནས་སྟངས་ལ་གཞིགས་ན་སོ་སོས་སྒེར་གྱིས་ལས་ཀ་བཙལ་ནས་བྱས་པ་ཡིན་ན་མ་འཇོན་མཁན་དང་མ་ཐུབ་པ་གང་ཡང་མེད། གླ་ཕོགས་ཐོབ་ཐང་སོགས་དེ་ལས་ཆེ་བ་ཡོད་སར་ལས་ཀ་བྱས་ན་བྱེད་ཐུབ་རྒྱུ་ཡོད།
འོན་ཀྱང་ཆེད་མངགས་བོད་མིའི་སྒྲིག་འཛུགས་ནང་བསྡད་ནས་བོད་སྤྱི་པའི་རྩ་དོན་ལ་བསམ་བློ་བཏང་ནས་ལས་ཀ་བྱས་ནས་སྡོད་མཁན་ཚོར་ཕྱི་ནས་དངུལ་ཕྲན་བུ་སྤུངས་ནས་རམས་འདེགས་ཤིག་བྱས་པ་ཡིན་ན། སྲི་ཞུ་བ་ཚོའི་གསོལ་ཕོགས་ཤིག་ལ་ཕྲན་བུ་ཕན་པ་ཡིན་ནའང་ཕན་པ་རེད། དངོས་ཤུགས་བརྒྱུད་ནས་བོད་སྤྱི་པའི་རྩ་དོན་བྱས་ནས་འགྲོ་རྒྱུའི་བསམ་བློ་ཞིག་གཏོང་དགོས། ངས་ཡུལ་གྲུ་འགའ་ཤས་ནང་བསྐྱོད་སྐབས། ང་ཚོས་དཔྱ་ཁྲལ་ཆེད་ཕུལ་བའི་དངུལ་དེ་གང་དུ་འགྲོ་ཡི་ཡོད། ཅེས་དྲི་བ་འདོན་མཁན་དེ་འདྲའང་འདུག དེར་བརྟེན་དངུལ་དེ་དག་བོད་གཞུང་གི་རྒྱུན་འགྲོན་དང་དམིགས་བསལ་གྱི་འགྲོ་སོང་གཏོང་དགོས་པ་བཅས་ཚང་མ་མི་མང་གི་བདེ་རྩའི་ཆེད་དུ་འགྲོ་བཞིན་ཡོད་པ་མ་གཏོགས་དེའི་བར་ལ་དངུལ་དེ་དག་བོར་བརླག་ཕྱིན་ནས་ཐོར་འགྲོ་བ་ལྟ་བུ་རྩ་བ་ཉིད་ནས་མེད། མ་མཁྱེན་པ་དེ་འདྲ་ཡོད་ན་དེ་རིང་བརྒྱུད་ལམ་འདིའི་ཐོག་ནས་ཞུས་ན་བསམས་པ་བྱུང་། ད་རེས་སྔོན་རྩིས་འདིའི་ནང་སྒོར་ས་ཡ་ ༢༠༡༨ ཐོག་སྒོར་ས་ཡ་ ༤༥ བསྡོམས་པ་ཡིན་ན་སྒོར་ས་ཡ་ ༢༠༦༣ འགྲོ་བཞིན་ཡོད། དེའི་ནང་ནས་བོད་མི་རང་གི་སར་ནས་ཇི་ཙམ་བསྡུ་ཐུབ་ཀྱི་ཡོད་བརྗོད་ན། ས་ཡ་བཅུ་བཅུ་གཅིག་ཙམ་ལས་བསྡུ་ཐུབ་ཀྱི་མེད། དེར་བརྟེན་བོད་མི་རང་གི་ས་ནས་བསྡུ་རུབ་བྱས་པའི་དངུལ་དེ་གཞུང་གི་འགྲོ་སོང་གཏོང་རྒྱུའི་མ་དངུལ་ནས་བརྒྱ་ཆ་རྩིས་པ་ཡིན་ན་བརྒྱ་ཆ་དྲུག་བདུན་ཙམ་ལས་ལོང་གི་མེད། འབྱུང་འགྱུར་བོད་ཀྱི་རྩ་དོན་དེ་བོད་མི་རང་གིས་རྐང་པའི་སྒང་ལ་ལངས་ནས་གནང་དགོས་ན། ང་ཚོ་བོད་མི་རང་གིས་དཔྱ་ཁྲལ་འབུལ་བབ་དེ་ཏོག་ཙམ་མང་དུ་འགྲོ་དགོས་པ་ཞིག་རེད། དཔྱ་ཁྲལ་དེ་ལོ་མང་པོ་ལ་སྤར་མེད། དེ་སྔ་དཔྱ་ཁྲལ་ཕྲན་བུ་སྤར་དགོས་པ་ཞུས་ཀྱང་འཛིན་སྐྱོང་བཀའ་ཤག་གིས་དགོས་པ་ཇི་འདྲ་ཞིག་ལ་གཟིགས་པ་ཡིན་ནའང་སྤར་མེད། དངོས་ནས་བྱས་ན་དང་བླངས་དཔྱ་དངུལ་དེ་དག་ཕྲན་བུ་སྤར་ནས་ཕྱིན་པ་ཡིན་ན་གོམས་གཤིས་ཤིག་ཆགས་རྒྱུ་ཡོད། སྤྱི་ཚོགས་ཀྱི་གནས་བབ་འགྱུར་བ་འགྲོ་བཞིན་དང་བླངས་དཔྱ་དངུལ་དེ་ཡང་ཕྲན་བུ་སྤར་ནས་འགྲོ་དགོས་པ་ཞིག་ཡིན། གློ་བུར་དུ་དང་བླངས་དཔྱ་དངུལ་ཕོན་ཆེ་ཞིག་སྤར་བ་ཡིན་ན་མང་ཚོགས་ཀྱིས་ཧང་སང་ཧོན་ཐོར་བའི་གནས་སྟངས་ཡོང་སྲིད། དངོས་འབྲེལ་བྱས་ན་ལོ་འགའ་རེའི་མཚམས་ནས་དཔྱ་ཁྲལ་སྤར་བ་ཡིན་ན་མང་ཚོགས་ཀྱི་བསམ་བློའི་ནང་དུའང་གྲ་སྒྲིག་གཅིག་ཡོང་རྒྱུ་རེད་བསམ་བཞིན་འདུག སྔོན་རྩིས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་ནས་ད་རེས་སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་སྙན་ཐོའི་ནང་གཅོག་ཆའི་གྲོས་འཆར་འཁྱེར་སྟངས་ཐོག་ནས་ཕྲན་བུ་ཞིག་ནོར་ཡོད། དེའི་སྐོར་ལ་གྲོས་ཚོགས་སུ་མང་པོ་གསུངས་གྲུབ་པ་རེད། ཚོགས་ཆུང་ངོས་ནས་ཀྱང་ངོས་བཞེས་གནང་ཟིན། འོན་ཀྱང་དེ་དང་འབྲེལ་བའི་ཐོག་ནས་གཅིག་ཞུས་ན། ཚོགས་གཙོ་གཉིས་ལའང་ཚོགས་ཆུང་བསྐོ་གཞག་བྱེད་སྐབས་དཀའ་ངལ་ཧ་ཅང་འདུག མི་འགའ་རེ་དུས་ཚོད་གཅིག་ནང་ཚོགས་ཆུང་གཉིས་གསུམ་ནང་ཕྱག་ལས་གནང་དགོས་པ་དེ་འདྲ་འདུག འགའ་རེས་ལས་དོན་གཞན་སོགས་ལ་ཁག་དཀྲི་གནང་ནས་ངོས་ལེན་གནང་གི་མི་འདུག
དེར་བརྟེན་དཀའ་ངལ་ཧ་ཅང་འདུག ཚོགས་ཆུང་བཙུགས་དགོས་དེ་དག་མ་བཙུགས་རང་འཛུགས་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འགན་འཁྱེར་དགོས། ད་ལྟ་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་ལྟ་བུར་མཚོན་ན། ད་རེས་ཚོགས་ཆུང་གསུམ་ནང་མཉམ་ཞུགས་གནང་དགོས་བྱུང་ཡོད། ག་དུས་ཞུས་པ་ཡིན་ནའང་མིན་གསུང་གི་མི་འདུག དེ་བཞིན་གྲོས་ཚོགས་འདིའི་ནང་བཀུར་འོས་སྤྱི་འཐུས་འགའ་ཤས་ཡོད། ག་དུས་ཞུས་པ་ཡིན་ནའང་ལགས་སོ། ཚོགས་གཙོ་གཉིས་ལ་དཀའ་ངལ་ཡོད་པ་ངོས་ལེན་བྱེད་ཀྱི་ཡོད། ཅེས་གསུང་ནས་འགན་བཞེས་ཀྱི་འདུག དེར་བརྟེན་ཁོང་རྣམས་ལ་འདིར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། གྲོས་ཚོགས་རྭ་བ་འདིའི་ནང་བསླེབས་ཟིན་རྗེས་སྤྱི་པའི་ལས་དོན་གང་འདྲ་ཞིག་ཡིན་ནའང་དུས་ཚོད་གཅིག་གཏོང་དགོས་པ་ལས་མིང་རྐྱང་པ་ཞིག་འཁྱེར་ནས་བསྡད་ན་ཕན་ཐོགས་མེད། མིང་རྐྱང་པ་ཞིག་འཁྱེར་ནས་གྲོས་ཚོགས་ནང་གསུང་སྐབས་སུའང་གཞན་ལ་ཟུར་ཟ་དང་སྐྱོན་བརྗོད་གནང་ནས་བཞུགས་པ་ཡིན་ན། རང་འཁྲིད་ལས་འགན་བསྒྲུབ་ཀྱི་འདུག་དང་མི་འདུག་དགོངས་པ་བཞེས་དགོས་སོགས་ཀྱི་གསུང་བཤད་གནང་སྟེ་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་དགུ་པ་ཡོངས་སུ་མཇུག་སྒྲིལ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་དགུ་པ་ཡོངས་སུ་མཇུག་སྒྲིལ་ཡོད།།