༢༠༡༥ ཟླ་ ༤ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །འདི་གར་ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༧ ཉིན་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་ལྡི་ལིར་གནསསྡོད་བོད་རིགས་སེར་སྐྱ་ཕོ་མོ་རྣམས་བསམ་ཡས་གླིང་དགོན་པའི་མདུན་ཐང་དུ་ཚང་འཛོམས་ཐོག ས་གནས་འགོ་འཛིན་ལེགས་སྐྱེས་རྡོ་རྗེ་ཚང་ལྷ་ལགས་ཀྱིས་མི་མང་ལ་འཕྲོད་བསྟེན་ཉིན་མོ་ངོ་སྤྲོད་དང་འཚམས་འ དྲིའི་གསུང་བཤད་གནང་།
དེ་རྗེས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་རྩིས་པས་འཕྲོད་བསྟེན་བཀའ་བློན་མཆོག་གི་གསུང་བཤད་སྒྲོགས་སྦྱང་གནང་གྲུབ་བསྟུན། ས་གནས་སྨན་ཞབས་མ་བསྟན་འཛིན་དཔལ་སྒྲོན་ལགས་ཀྱིས་གཙང་སྦྲ་འཕྲོད་བསྟེན་གནང་ཕྱོགས་སྐོར་དང་དུས་རྒྱུན་བསམ་ཡས་གླིང་ནང་ཟ་ཁང་དང་མགྲོན་ཁང་མང་པོ་ཡོད་པར་ཟས་སྤྱོད་ལག་བསྟར་གནང་སྟངས་སྐོར། ནད་གཞི་འགོག་ཐབས་བཅས་ཀྱི་སྐོར་མི་མང་ལ་ལམ་སྟོན་གནང་།
དེ་ནས་སྨན་རྩིས་ཁང་གི་སྨན་པ་ལྷག་པ་སྒྲོལ་མ་ལགས་ཀྱིས་མི་མང་ངོས་ནས་རྒྱུན་དུ་སོ་སོའི་འཕྲོད་བསྟེན་གནང་ཕྱོགས་དང་ཟས་རིགས་བེད་སྤྱོད་གནང་སྟངས་སྐོར། དེ་བཞིན་རླུང་དང༌ཁྲིད་པའི་ནད་གཞི་སོགས་ནད་གཞི་འདྲ་མིན་སྔོན་འགོག་སྐོར་ལམ་སྟོན་གསུང་བཤད་གནང་རྗེས། སྨན་རམས་པ་ཨེམ་ཆི་ཉི་མ་ཚེ་རིང་ལྷུ་ཁང་ལགས་ཀྱིས་སྨན་པའི་ལྷན་ཚོགས་ཀྱི་སྐུ་ཚབ་ཞུས་ཐོག་འཛམ་གླིང་འཕྲོད་བསྟེན་ཉིན་མོར་བོད་ཀྱི་གསོ་བ་རིག་པའི་ཐོག་ནས་མི་མང་ལ་འཕྲོད་བསྟེན་གོ་རྟོགས་དང་རྒྱུན་དུ་ཟས་སྤྱོད་དང་སྨན་བསྟེན་ཚུལ་སྐོར། དེ་བཞིན་རང་གི་སྒོ་གསུམ་གྱི་བྱེད་སྒོ་གསུམ་གྱི་བྱ་སྤྱོད་ཐོག་ལ་རག་ལུས་སྟངས་དང༌། གཞན་ཡང་དུས་ཀྱི་འགྱུར་བཅོས་དང་གནམ་གཤིས་སོགས་ཀྱི་རྐྱེན་པའི་ནད་གཞི་འདྲ་མིན་ཡོང་སྟངས་སོགས་ཀྱི་སྐོར་གསུང་བཤད་གཟབ་རྒྱས་གནང་ཡོད།
དེ་རྗེས་སྐུ་མགྲོན་གཙོ་བོ་ཕྱོགས་བཞུགས་སྤྱི་འཐུས་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་མི་མང་ལ་འཛམ་གླིང་འཕྲོད་བསྟེན་ཉིན་མོར་འཚམས་འདྲིའི་གསུང་བཤད་དང་སྦྲགས་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ WHO ཀྱི་བྱུང་རིམ་ལོ་རྒྱུས་སོགས་ཀྱི་སྐོར་གསུང་བཤད་གནང་། དེ་ནས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་ནས་སྐུ་མགྲོན་དང་མི་མང་རྣམས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་མཛད་སྒོ་གྲོལ།
ཕྱོགས་མཚུངས་རྒྱལ་སྤྱིའི་འཕྲོད་བསྟེན་ཉིན་མོ་དང་སྟབས་བསྟུན་སྤྱི་འཐུས་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་གཙོས་ས་གནས་འགོ་འཛིན༌། བརྒྱ་འཐུས་བཅས་ནས་རྒྱ་གར་དབུས་འཕྲོད་བསྟེན་བློན་ཆེན་ JPNadda མཆོག་དང་མཇལ་འཕྲད་ཞུས་ནས་འཕྲོད་བསྟེན་ཉིན་མོའི་ཐོག་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཁོང་ལ་སྒྲོལ་དཀར་གྱི་སྐུ་ཐང་དང་ (Political Philosophy of The Dalai Lama) ཞེས་པའི་དཔེ་དེབ་བཅས་ཕྱག་རྟགས་སུ་ཕུལ་ཡོད་པ་མ་ཟད།
དོན་ཚན་བཞིའི་ཐོག་སྙན་སེང་རེ་སྐུལ་ཞུས་པ་གཤམ་གསལ།
༡། ཐོག་མར་རྒྱལ་སྤྱིའི་འཕྲོད་བསྟེན་ཉིན་མོར་འཚམས་འདྲི་ཞུ་རྒྱུ་དང༌། ༢། ལྡི་ལི་བསམ་ཡས་གླིང་ནང་འཕྲོད་བསྟེན་སྨན་ཁང་ཆུང་ངུ་ཞིག་ཡོད་པ་ཡུལ་མི་དང་བོད་མི་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོད་པར་སོང་འདིའི་ཐོག་མཐུན་འགྱུར་རོགས་རམ་ཡོང་བའི་འབོད་སྐུལ་ཞུས།
༣། ལྡི་ལི་ནང་སྨན་རྩིས་ཁང་ཡན་ལག་བཞི་ཙམ་ཡོད་པ་དང་གཞི་རྩའི་རྒྱ་གར་ནང་སྨན་རྩིས་ཁང་ཡན་ལག་ཁག་མང་པོ་ཡོད་པར་རྒྱ་གར་ཡུལ་མིར་ཕན་ཐོགས་གང་ལེགས་ཡོང་མུས་ལ་བརྟེན། མ་འོངས་པར་འདིའི་ཐོག་མཐུན་འགྱུར་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་ཡོད།
༤། དོན་ཚན་བཞི་པའི་ཐོག་ད་རེ་རྒྱ་གར་གྱི་སྲིད་བློན་ Narendar Modi མཆོག་ཕྱི་ཟླ་ལྔ་པའི་ནང་རྒྱ་ནག་ལ་འཚམས་གཟིགས་ཕེབས་འཆར་ཡོད་པའི་ཁོང་ལ་བོད་དོན་ཐོག་སྙན་སེང་ཞུ་རྒྱུའི་གོ་སྐབས་ཞིག་གནང་སྐྱོང་ཡོང་བའི་ཐབས་ཤེས་ཡོང་བའི་འབོད་སྐུལ་ཞུས་ཡོད། སྐབས་དེར་ཁོང་གིས་ཀྱང་དགོས་མཁོ་ནམ་བྱུང་ཚེ་ཕྱག་རོགས་དང་མཐུན་འགྱུར་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་བ་མ་ཟད། ས་གནས་སུ་དུས་ཆེན་དང་ལས་འཆར་ཁག་སྲུང་བརྩི་ཞུ་སྐབས་ཁོང་ནས་འཚམས་གཟིགས་དང་སྦྲགས་བཅར་རྒྱུ་ཡིན་བཅས་གསུངས་ཡོད་པ་བཅས།།