༢༠༡༥ ཟླ་ ༤ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༣༠ རེས་གཟའ་ཟླ་བའི་ཉིན་རྒྱ་གར་བྷི་ཧཱར་མངའ་སྡེའི་རྒྱལ་ས་པ་ཊ་ནའི་ནང་རྟེན་གཞི་བྱས་པའི་པ་ཊ་ནའི་མཐོ་སློབ་ཁང་གི་ཚོགས་ཁང་ནང་དུ། བོད་ཀྱི་གནད་དོན་ཐོག་རྒྱ་གར་གྱི་ལས་འགན། “Tibbat Ka Prashan: Bharat ki Bhumika” ཞེས་པའི་བརྗོད་གཞིའི་ཐོག་ལྷན་ཚོགས་ཤིག་ཚོགས་འདུག ལྷན་ཚོགས་གོ་སྒྲིག་གནང་མཁན་བྷི་ཧཱར་འཕགས་བོད་མཛའ་འབྲེལ་ཚོགས་པ། India Tibet Friendship Society དང་། པ་ཊ་ནའི་མཐོ་སློབ་ Patna College ཟུང་འབྲེལ་ཐོག་ཡིན་འདུག སྐབས་དེར་བོད་དོན་རྒྱབ་སྐྱོར་བ་དང་སློབ་ཕྲུག དེ་བཞིན་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་བཅས་མཉམ་ཞུགས་གནང་འདུག དེ་ཡང་ལྷན་ཚོགས་དེ་པ་ཊ་ནའི་མཐོ་སློབ་ཀྱི་སློབ་སྤྱི་འབུམ་རམས་པ་སྐུ་ཞབས་ཨེན་ཀེ་ཅོ་དྲི་ Dr. N.K. Chaudhari ལགས་ཀྱིས་གཙོ་སྐྱོང་གནང་ཡོད་པ་དང་། སྐབས་དེར་གསུང་བཤད་གནང་མཁན་གཙོ་བོ་ནི་གཙུག་ལག་སློབ་དཔོན་སྐུ་ཞབས་སུ་བྷུ་རུ་ཏོ་ཨ་དི་ཀ་རི་ Prof. Subroto Adhikari ལགས་དང་། གཙུག་ལག་སློབ་དཔོན་སྐུ་ཞབས་ཨར་ཨེན་ཤར་མ་ Prof. R.N. Sharma ལགས། འབུམ་རམས་པ་སྐུ་ཞབས་མ་ནོ་ཇི་ཀུ་མཱར་ Dr. Manoj Kumar ལགས། དེ་བཞིན་སྐུ་ཞབས་སུ་རེནྡྲ་ཀུ་མཱར་ Shri Surender Kumar
ལགས་བཅས་ཡིན་འདུག ཐོག་མར་གཙུག་ལག་སློབ་དཔོན་སྐུ་ཞབས་སུ་བྷུ་རུ་ཏོ་ཨ་དི་ཀ་རི་ལགས་ཀྱིས་གསུང་བཤད་གནང་སྐབས།
ཕྱི་ལོ་ ༡༩༡༣།༡༩༡༤ ལོར་བཞག་པའི་སིམ་ལའི་ཆིངས་ཡིག་ལྟར་ན། བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་ར་སྤྲོད་གསལ་པོ་བྱས་ཡོད་པ་དང་། བོད་དང་དབྱིན་གཞུང་སྐུ་ཚབ་འཐུས་མི་རྣམས་ཀྱིས་ཆིངས་ཡིག་ལ་མཚན་རྟགས་བཀོད་ཡོད་ཀྱང་རྒྱ་ནག་གཞུང་གི་སྐུ་ཚབ་འཐུས་མིས་ཆིངས་ཡིག་དེར་ངོས་ལེན་མ་བྱས་སྟབས་ས་རྟགས་བཀོད་མེད། དེར་བརྟེན་བྱུང་རབས་ལོ་རྒྱུས་དང་རྒྱལ་སྤྱིའི་ཁྲིམས་ཀྱི་ལངས་ཕྱོགས་ནས་བལྟས་པ་ཡིན་ན་བོད་དེ་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བཙན་འཛུལ་མ་བྱས་བར་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་གཙུག་ལག་སློབ་དཔོན་སྐུ་ཞབས་ཨར་ཨེན་ཤར་མ་ Prof. R.N. Sharma ལགས་ཀྱིས་གསུང་བཤད་གནང་དོན། བོད་ལ་ཡོངས་གྲགས་སུ་འཛམ་གླིང་གི་ཡངས་ཐོག ཅེས་འབོད་སྲོལ་ཡོད། དེར་བརྟེན་མཐོ་སྒང་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཇི་འདྲ་ཞིག་བཟོས་ཀྱང་རྒྱ་གར་གཙོ་བོར་གྱུར་བའི་ཨེ་ཤི་ཡའི་རྒྱལ་ཁབ་མང་པོའི་འཚོ་གནས་དང་ཐད་ཀར་འབྲེལ་བ་ཆགས་ཡོད། བོད་ལ་རང་བྱུང་གི་ཐོན་སྐྱེད་ཧ་ཅང་ཡག་པོ་ཡོད་པ་མ་ཟད། བོད་ཀྱི་རྒྱུག་ཆུ་དེ་དག་རྒྱ་གར་དང་རྒྱ་ནག་སོགས་ཨེ་ཤི་ཡའི་རྒྱལ་ཁབ་མང་པོའི་ནང་རྒྱུག་བཞིན་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱུག་ཆུ་དེ་དག་ཁ་བསྒྱུར་བྱ་ཐབས་བྱེད་བཞིན་ཡོད། ལོ་ངོ་བརྒྱ་ཕྲག་རིང་རྒྱ་གར་གནའ་རབས་ཀྱི་རིག་གནས་རྩ་ཆེ་ཞིག་བོད་ནང་གཙིགས་ཆེན་པོས་ཉར་ཚགས་བྱས་ཡོད། ཅེས་སོགས་གསུངས།
དེ་རྗེས་ཡུན་རིང་ནས་བོད་མི་དང་བོད་དོན་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་མཁན་འབུམ་རམས་པ་སྐུ་ཞབས་མ་ནོ་ཇི་ཀུ་མཱར་ལགས་ཀྱིས་གསུང་དོན། བོད་མི་སྐྱབས་བཅོལ་བ་རྣམས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་དབུ་ཁྲིད་འོག་རྒྱ་གར་ནང་མི་ལོ་ ༥༠ ལྷག་རིང་བཞུགས་གནས་བྱས་ཡོད། རྡ་སར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་དེ་ནི་གཞིས་བྱེས་བོད་མི་གཉིས་ཀྱི་ཡིད་ཆེས་བློ་གཏད་བཅོལ་སའི་སྒྲིག་འཛུགས་ཤིག་ཆགས་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་འོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་གཅིག་ཐོབ་ཐབ་གནང་བཞིན་ཡོད། དེང་སྐབས་བོད་ཀྱི་གནད་དོན་དེ་རྒྱ་གར་དང་ཕྱོགས་ཡོངས་ནས་འབྲེལ་བ་ཧ་ཅང་ཡོད། དེར་བརྟེན་ང་ཚོས་བོད་ཀྱི་གནད་དོན་འཚེ་མེད་ཞི་བའི་ལམ་ནས་སེལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཞུ་དགོས། ཞེས་གསུངས། ཕྱོགས་མཚུངས་སྐབས་དེར་སྐུ་ཞབས་སུ་རེནྡྲ་ཀུ་མཱར་ལགས་ཀྱིས་རྒྱ་གར་གཞོན་སྐྱེས་ཚོར་བོད་དོན་ངོ་སྤྲོད་བྱ་རྒྱུའི་ལས་གཞི་དེ་སྔ་ལས་གཞི་རྒྱ་ཆེ་རུ་གཏོང་རྒྱུ་དུས་ཀྱི་དགོས་མཁོ་ཞིག་ཆགས་པ་དང་། བོད་དོན་ལས་འགུལ་ཐོག་གཞོན་སྐྱེས་ཁྲོད་ནས་ཆ་ཤས་ཤུགས་ཆེ་ལེན་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས། མཛད་སྒོའི་མཇུག་བསྡོམས་སྐབས་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་དཔལ་འབྱོར་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། སྐབས་དེར་བོད་དོན་དྲིལ་བསྒྲགས་དཔེ་དེབ་དང་ཡིག་ཆ་ཁག་གཅིག་འགྲེམས་སྤེལ་རྒྱ་ཆེ་གནང་ཐུབ་ཡོད་པ་བཅས།།