༢༠༡༥ ཟླ་ ༤ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །བདེ་སྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡ ཉིན་སྤེལ་བའི་གསལ་བསྒྲགས་ནང་འཁོད་དོན།
བཞུགས་སྒར་རྡ་རམ་ས་ལ་ཁུལ་དུ་བཞུགས་པའི་རང་རིགས་སེར་སྐྱ་མང་ཚོགས་ཡོངས་ལ། ཧི་མཱ་ཅལ་མངའ་སྡེ་ཀངྒ་ར་རྫོང་གི་སྤྱི་ཁྱབ་སྐོར་སྲུང་ལས་ཁུངས་ (Superintendent of Police cum Foreign Registration Office) ནས་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༧ འཁོད་ལམ་སྟོན་ཕྱག་བྲིས་འབྱོར་གསལ།
༡) བོད་མིའི་སྐྱབས་བཅོལ་ལག་འཁྱེར་ (Registration Certificate) གསར་བཟོ་དང་། སྐྱབས་བཅོལ་ལག་འཁྱེར་བོར་བརླགས་ཤོར་ཏེ་ཚབ་གསར་ཞུ་ལེན་ཡང་དྲྭ་ཐོག་ནས་དེབ་སྐྱེལ་བྱེད་དགོས་པས་བཞུགས་སྒར་བོད་མི་རྣམས་ནས་མེག་གྷན་བདེ་སྲུང་ཡན་ལག་ལས་ཁུངས་སུ་འབྲེལ་བ་གནང་དགོས།
༢) རིམ་བཞིན་ལག་བསྟར་གནང་འཆར་ནང་། བོད་མིའི་སྐྱབས་བཅོལ་ལག་འཁྱེར་(Registration Certificate)དང་ ། ཕྱིར་ཐོན་ཆོག་མཆན་ (Exit Permit) ཕྱིར་ལོག་མཐོང་མཆན་(Return Visa) ས་གནས་སྐོར་སྲུང་ལས་ཁུངས་ནས་ནག་ཉེས་མེད་པའི་རྒྱབ་གཉེར་(Police Clearance Certificate) བཅས་ཡིག་ཆ་ཁག་ཞུ་ལེན་བྱེད་སྐབས་དྲྭ་ཐོག་དེབ་སྐྱེལ་བྱེད་དགོས་པའི་ལམ་ལུགས་ (Online Registration System) ལ་བརྟེན་ནས་ཞུ་ལེན་བྱེད་དགོས།