༢༠༡༥ ཟླ་ ༤ ཚེས་ ༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༧ ཉིན་ཏེ་འཛམ་གླིང་འཕྲོད་བསྟེན་གྱི་ཉིན་མོར་བོད་མིའི་སྒྲིག་འཛཱུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་ཡོངས་ཁྱབ་གསུང་བཤད་གནང་བའི་ནང་འཁོད་དོན། ང་ཚོའི་ཉིན་རེའི་འཚོ་བའི་ནང་གནོད་འཚེ་མེད་པའི་ཟས་ཀྱི་གལ་ཆེའི་རང་བཞིན་ལ་དོ་སྣང་སྤྲོད་ཕྱོགས་ཐད་གོ་རྙོག་གི་གནས་སྟངས་ཤིག་རྒྱུན་དུ་ཡོང་གི་ཡོད། ང་ཚོས་སློབ་གྲྭ་དང་ཉེ་འཁོར་གྱི་ས་ཁུལ་ཁག་ནང་ཟས་དུག་ཁྱབ་གདལ་དུ་འགྲོ་ཡི་ཡོད་པ་དང༌། དུས་རྒྱུན་དུ་ཟས་མི་གཙང་བ་སྤྱོད་པའི་རྐྱེན་གྱིས་སྐྱེ་བོ་མང་དག་ཅིག་ལ་ནད་གཞི་ཡོང་གི་ཡོད་པའང་མཐོང་བཞིན་ཡོད། ཡོངས་གྲགས་སུ་གྱུར་པའི་འགོ་ནད་དང་འཚོ་བའི་གནས་སྟངས་ཀྱིས་རྐྱེན་པས་ནད་གཞི་མང་དག་ཅིག་འབྱུང་བཞིན་ཡོད་པ་ང་ཚོའི་མིག་འོག་གི་འཕྲོད་བསྟེན་གྱི་ཐད་ལ་ཉེན་ཚབས་ཤུགས་ཆེ་བཟོ་ཉེན་ཆེ་བའི་ཉིན་རེའི་ཟས་གཡོ་སྦྱོར་དང༌། ཟས་ཀྱི་གདམ་ཀའི་ལག་ལེན་ལ་སྣང་ཆུང་ཁྱད་གསོད་ཀྱི་གནས་སྟངས་ཤིག་ཡོང་མུས་ཡིན། འདི་ལོ་ ༢༠༡༥ ལོའི་འཛམ་གླིང་འཕྲོད་བསྟེན་ཉིན་མོ་དེ་ནི་ང་ཚོས་གནོད་འཚེ་མེད་པའི་ཟས་གཡོ་སྦྱོར་དང༌། གནོད་འཚེ་མེད་པའི་ཟས་ཀྱི་ལམ་སྲོལ་སྲ་བརྟན་གཏོང་རྒྱུའི་དགོས་མཁོ་སྐོང་ཆེད་དུ་དོ་སྣང་སྤྲོད་རྒྱུར་དམིགས་ཡོད། འདི་ལོ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་མོས་འདེམས་གནང་བའི་བརྗོད་གཞི་ནི། ཞིང་ཁ་ནས་སྡེར་མའི་ནང་མ་སླེབས་བར་དུ་ཟས་རིགས་རྣམས་གཙང་མ་ཉར་དགོས་ཞེས་པའི་འབོད་ཚིག་ལྡན་པའི་གནད་དོན་གལ་ཆེ་འདི་ལ་དམིགས་ཡོད།
འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་བརྗོད་པ་ལྟར་ན། ལོ་ལྟར་གནོད་འཚེ་ཅན་གྱི་ཁ་ཟས་སྤྱོད་པའི་རྐྱེན་གྱིས་མི་འབོར་ས་ཡ་གཉིས་ཙམ་རྐྱེན་འདས་སུ་འགྲོ་ཡི་ཡོད་པ་དང༌། དེའི་ནང་ནས་གནོད་འཚེ་ཕོག་མི་མང་ཆེ་བ་ཕྲུ་གུ་ཤ་སྟག་ཆགས་ཡོད། གནོད་འཚེ་ཅན་གྱི་ཟས་ནི་སེམས་ཅན་ལས་བྱུང་བའི་ཟས་གཡོ་སྦྱོར་མ་བྱེད་པའི་རིགས་དང༌། བཙོག་གཅིན་གྱིས་འབག་པའི་ཚལ་རིགས་དང་ཁ་ཟས་རྗེན་པ་ལ་སོགས་པ་ཡིན། ང་ཚོས་སེམས་ལ་ངེས་པར་བཅང་དགོས་པ་ཞིག་ལ་གནོད་འཚེ་མེད་པའི་ཟས་ནི་བདེ་ཐབས་དང་ཟས་བཅུད་འཐོབ་པའི་ཆེད་མེད་དུ་མི་རུང་བ་ཞིག་ཆགས་ཡོད། གནོད་འཚེ་ཅན་གྱི་ཁ་ཟས་བཙོག་པའི་རིགས་ཀྱིས་ཚབས་ཆེའི་ནད་གཞི་དང༌། ཚེ་གང་གི་དབང་པོ་ཞ་སྐྱོན། ཐ་ན་སྲོག་སྐྱོན་ཡང་འབྱུང་ངེས་པ་ཞིག་ཆགས་ཡོད། ནད་གཞི་འདི་དག་གིས་ཟས་བཅུད་མི་འདང་བའི་གནས་སྟངས་ཀྱིས་རྐྱེན་པས་དམིགས་བསལ་ཕྲུ་གུ་དམར་འབྱར་དང༌། བྱིས་པ། རྒས་འཁོགས། ནད་པ་རྣམས་ལ་གནོད་འཚེ་ཕོག་སྟེ་ནད་དང་ཟས་བཅུད་མི་འདང་བའི་གནས་སྟངས་ཕན་ཚུན་དུ་དྲངས་པའི་འཁོར་རྒྱུན་ཞིག་སྤེལ་གྱི་ཡོད། ཟས་རིགས་རྣམས་ཀྱི་འབྱུང་ཁུངས་ཞིང་ཁ་ནས་ང་ཚོའི་སྡེར་མའི་ནང་མ་སླེབས་ཀྱི་བར་དུ་ཟས་དེ་ང་ཚོས་ལོངས་སུ་སྤྱོད་ཆེད་ཟས་གཙང་མ་ཉར་འཇོག་བྱ་རྒྱུར་ངེས་པར་དོ་སྣང་བྱེད་དགོས། ཟས་ཀྱི་དངོས་ཟོག་རྣམས་བདེ་འཇགས་ངང་འོར་འདྲེན་དང་བརྒྱུད་སྤྲོད་བྱས་ཏེ་ཁ་ཟས་བཀོལ་སྤྱོད་ཀྱི་སྲིད་བྱུས་ཡར་རྒྱས་བཏང་སྟེ་གནོད་འཚེ་མེད་པའི་གནས་སྟངས་དེ་རྒྱུན་འཁྱོངས་བྱ་རྒྱུར་སྲིད་གཞུང་ནས་ངེས་པར་བྱ་སྤྱོད་སྤེལ་དགོས་ཀྱི་ཡོད། དེ་ལྟ་ནའང་དེ་ལས་གལ་ཆེ་བ་ནི་ས་ཆའི་བབས་དང་བསྟུན་ཏེ་གནོད་འཚེ་མེད་པའི་ཟས་གཡོ་སྦྱོར་གྱི་ལག་ལེན་རྒྱུན་སྐྱོང་བྱ་རྒྱུ་ནི་གོ་རྟོགས་ལྡན་པའི་ཡུལ་མི་ཐམས་ཅད་ལ་འཁྲི་བའི་ལས་འགན་ཞིག་ཆགས་ཡོད།
རང་རེ་བོད་མིའི་ཟས་གཡོ་སྦྱོར་གྱི་སྲོལ་རྒྱུན་ནང་འཕྲོད་བསྟེན་ལ་གནོད་འཚེ་གཏོང་ཉེན་དུ་གྱུར་པའི་ཟས་གཡོ་སྦྱོར་གྱི་ལག་ལེན་སྣ་ཚོགས་པ་ཞིག་ང་ཚོས་ཁྱིམ་དུ་སྤྱོད་བཞིན་ཡོད་པ་ཤེས་ཀྱི་ཡོད། དྲོད་ཚད་སྙོམས་པོ་ཞིག་ལ་གཙང་མར་བདག་ཉར་མ་བྱས་པའི་ཁ་ཟས་རྙིང་པའི་རིགས་སྤྱོད་པ་དང༌། གཡོ་སྦྱོར་མ་བྱས་པའི་ཁ་ཟས་རྗེན་པའི་རིགས་སྤྱོད་པ། ཟས་བསྙལ་བའི་རིགས་སྤྱོད་པ། སྲང་ལམ་དུ་བཙོངས་པའི་ཟས་རིགས་ཚོད་མེད་སྤྱོད་པ་བཅས་ནི་ལག་ལེན་དེ་དག་གི་དཔེ་མཚོན་ཞིག་ཆགས་ཡོད། དེར་བརྟེན་ང་ཚོས་ཉེན་ཚབས་དེ་དག་ལ་ཤེས་རྟོགས་དང་སྦྲགས་ཟས་གཡོ་སྦྱོར་གྱི་བརྒྱུད་རིམ་ནང་གནོད་འཚེ་མེད་པའི་ཁམས་དྭངས་ཟས་ཀྱི་གདམ་ཀ་དང་གཡོ་སྦྱོར་གྱི་ལག་ལེན་དངོས་སུ་བསྟར་དགོས། སྔོན་འགོག་གི་འགྲོ་གྲོན་ནི་རྒྱུན་དུ་ནད་གཞི་བཅོས་ཐབས་ཀྱི་འགྲོ་གྲོན་ལས་ཉུང་བ་ཡིན་པ་རེད།
འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་གནོད་འཚེ་མེད་པའི་ཟས་ཀྱི་ཐབས་ལྔ་ཞེས་པའི་བླང་བྱ་ཞིག་བཏོན་ཡོད། བླང་བྱ་ལྔ་ནི། ཟས་རྣམས་གཙང་མར་བདག་ཉར་བྱེད་དགོས་པ་དང༌། གཡོ་སྦྱོར་མ་བྱས་པའི་ཁ་ཟས་རྗེན་པའི་རིགས་དབྱེ་སེལ་བྱེད་དགོས་པ། ཟས་གཡོ་སྦྱོར་ལེགས་པར་བྱེད་དགོས་པ། ཚ་དྲོད་སྙོམས་པོ་ཞིག་གི་ཐོག་ཟས་ཉར་འཇོག་བྱེད་དགོས་པ། ཟས་གཡོ་སྦྱོར་བྱེད་ཆེད་ཆུ་དང་ཁ་ཟས་རྗེན་པའི་རིགས་གཙང་མར་བེད་སྤྱོད་བྱེད་དགོས་པ་བཅས་ཡིན། འགན་འཁྲི་ལྡན་པའི་ཟས་ཉེར་སྤྱོད་པ་ཞིག་གི་ངོས་ནས་ང་ཚོ་ཚང་མས་ཟས་གཡོ་སྦྱོར་བྱེད་སྐབས་གནོད་འཚེ་མེད་པའི་ཟས་ཀྱི་ཐབས་ལྔ་པོ་དེ་དག་ངེས་པར་དུ་ལག་ལེན་བསྟར་དགོས། དེ་བཞིན་ང་ཚོས་སྤྱོད་བཞིན་པའི་ཟས་རིགས་ལ་ཤེས་རྟོགས་ངེས་པར་དུ་བྱེད་དགོས། དེ་ཡང་ཁྲོམ་ནས་ཟས་རིགས་ཉོ་སྐབས་ཟས་རིགས་དེ་དག་གི་སྟེང་དུ་བཀོད་པའི་འགྲེལ་བཤད་རྣམས་ཀློག་སྟེ་ཟས་དེ་སྤྱོད་དགོས་མིན་ཐད་གདམ་ཀ་མ་ནོར་བ་བྱེད་དགོས། དེ་བཞིན་ཁྲོམ་ལ་འགྲོ་སྐབས་ང་ཚོས་སྲང་ལམ་དུ་སྤྱོད་པའི་ཟས་རིགས་ལ་དོགས་ཟོན་ངེས་པར་དུ་བྱེད་དགོས་ལ་རྒྱུན་ལྡན་གྱི་ཟས་ཀྱི་གནོད་འཚེའི་རིགས་ལ་རྒྱུས་ལོན་བྱེད་དགོས། དེ་ནས་ང་ཚོས་འཕྲོད་བསྟེན་ལྡན་པའི་ཟས་གཡོ་སྦྱོར་གྱི་ལག་ལེན་རྣམས་ཚོགས་སྡེ་ཁག་ནང་སྐྱེ་བོ་གཞན་རྣམས་ལ་ལམ་སྟོན་བྱེད་ཐུབ།
ཁ་ཟས་ནི་ང་ཚོའི་འཚོ་བའི་ནང་བདེ་སྐྱིད་ཀྱི་འབྱུང་རྩ་གཙོ་བོ་ཞིག་ཆགས་ཡོད། འཛམ་གླིང་འཕྲོད་བསྟེན་གྱི་ཉིན་མོར་གནོད་འཚེ་ཅན་གྱི་ཟས་དང་ཟས་དེ་ལས་འབྱུང་བའི་ནད་གཞིའི་གནོད་སྐྱོན་ཐོག་ཤེས་རྟོགས་ཀྱིས་གནོད་འཚེ་མེད་པའི་ཁ་ཟས་ལ་གདམ་ཀ་དང༌། གཡོ་སྦྱོར་གྱི་བརྒྱུད་རིམ་ལག་བསྟར་བྱས་པ་བརྒྱུད་འཕྲོད་བསྟེན་དང་བདེ་སྐྱིད་ངང་རོལ་རྒྱུར་ང་ཚོས་འབད་བརྩོན་བྱེད་དགོས་པ་བཅས།