༢༠༡༥ ཟླ་ ༤ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༠ ཉིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་བཙུགས་ནས་ལོ་ངོ་ཧྲིལ་པོ་བཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོ་ཟབ་རྒྱས་ཤིག་རྡ་ས་བོད་ཀྱི་གསོལ་མགྲོན་ཁང་གི་ཡང་སྟེང་ཚོགས་ཁང་དུ་ཚོགས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱིང་བློ་བཟང་སེང་གེ་མཆོག་དང་། དམིགས་བསལ་སྐུ་མགྲོན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་སྤྱི་འཐུས་རྒྱུན་ལས་རྣམ་པ། རྒྱ་གར་རྒྱལ་ཡོངས་མཉམ་འབྲེལ་སྤྱི་ཁྱབ་ཚོགས་གཙོ་སྐུ་ཞབས་དི་ནེ་ཤི་ལགས། གཞན་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་བཅས་ལྷན་འཛོམས་ཀྱིས་ཐོག་མར། ཚོགས་བཅར་བ་ཡོངས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་པ་དང་སྦྲགས་སྣང་གསལ་ཞལ་ཕྱེ་གནང་།
དེ་རྗེས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་ཕུལ་གྲུབ་མཚམས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རྗེས་དྲན་ཆེད་སྐར་མ་གཅིག་རིང་ངག་བཅད་གནང་། དེ་ནས་རྟེན་འབྲེལ་གྱི་གསོལ་ཇ་འབྲས་བསིལ་འདེགས་འབུལ་གནང་སྟེ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་ལགས་ཀྱིས་མཛད་རིམ་ངོ་སྤྲོད་གནང་བའི་ནང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་དེར་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ཡོད་པ་ཞིག་དང། དེ་བཞིན་ཕྱི་ལོ་ ༢༠༠༥ ནས་བཟུང་བཀའ་ཤག་གི་དགོངས་གཞི་ལྟར་རྒྱ་གར་གཞུང་ནང་ཁྲིམས་མཐུན་གྱི་དེབ་སྐྱེལ་བྱས་ཏེ་ད་བར་ལོ་ངོ་ཧྲོལ་པོ་བཅུ་འཁོར་བཞིན་ཡོད་པ་དང་། ད་ལྟའི་ཆར་མཉམ་འབྲེལ་ཁག་བཅོ་ལྔ་ཡོད་པ་དང་། ལོ་རྒྱུས་ཀྱི་ཐོག་ནས་མཉམ་ལས་དེ་བཞིན་སྐབས་རེ་གྱོང་རྒུད་དང་ཐུད་ཤོར་ཕྱིན་པ་བྱུང་ཡོད་རུང་། ད་ལྟའི་ཆར་སྤྱི་མཐུན་མཉམ་འབྲེལ་གྱི་ལས་གཞི་མང་པོ་ཞིག་སྤྱི་ཚོགས་དང་ཤེས་ཡོན། འཕྲོད་བསྟེན་བཅས་ཀྱི་ཐད་ས་གནས་ཁག་ལ་རོགས་སྟེགས་བྱས་དང་བྱེད་མུས་ཡིན་པ་སོགས་ཀྱི་འགྲེལ་བརྗོད་དང་། བཟང་ཕྱོགས་ཀྱི་འགྱུར་བའི་ཐད་ནས་བརྗོད་ན་ད་ལྟའི་ཆར་ལས་བྱེད་བསྐོ་ཕྱོགས་སོགས་ཀྱང་གཞུང་བསྐོས་བྱེད་ཀྱི་ཡོད་པས་ལས་རིམ་ཚགས་ཚུད་ངང་འགྲོ་བཞིན་པ་མ་ཟད། ལྷག་པར་སྤྱི་མཐུན་མཉམ་འབྲེལ་གྱི་དམིགས་ཡུལ་ངོ་མ་ནི་ཤས་བདག་མི་མང་གི་ཆེད་དུ་ཡིན་པ་དང། དེའི་ཕྱིར་གང་ཐུབ་ཀྱི་ཕན་ཐོགས་བསྐྲུན་ཐབས་བྱེད་བཞིན་ཡོད་པ་དང་། དེང་སྐབས་མི་མང་ཚོའི་ངོས་ནས་མཉམ་འབྲེལ་ཐད་དོ་སྣང་ཡག་པོ་གནང་གི་འདུག་ཅེས་དགའ་སྤོབས་ཆེན་པོས་སྙན་སྒྲོན་ཞུ་རྒྱུ་ཡིན་ཞེས་སོགས་གསུངས།
དེ་ནས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲ་ཤིས་དབང་འདུས་ལགས་ཀྱིས་སྤྱི་མཐུན་མཉམ་འབྲེལ་གྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་པའི་ནང་། ད་ལྟའི་ལས་རིམ་དེ་ཉིད་བཀའ་ཤག་སྐབས་བཅུ་གཉིས་པའི་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལམ་སྟོན་འོག་ནས་ད་བར་འགྲོ་བཞིན་པ་ཞིག་དང་། སྤྱི་མཐུན་མཉམ་འབྲེལ་གྱིས་ད་བར་ཤས་བདག་མི་མང་གི་ཕྱིར་ལས་གཞི་འདྲ་མིན་ཞིག་སྤེལ་ཡོད་པ་ངོ་སྤྲོད་དང་། ལྷག་པར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དེ་ཉིད་ཀྱི་ལས་དོན་ཚགས་ཚུད་ཡོང་གི་ཡོད་པའི་རྒྱུ་མཚན་བཅས་ལ་བརྟེན་ནས་གཟེངས་རྟགས་གཉིས་ཐོབ་ཡོད་པ་སོགས་གསུངས། མཛད་རིམ་གྱི་མཐར་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་མཐུན་མཉམ་འབྲེལ་དབུ་བརྙེས་ནས་ལོ་ངོ་བཅུ་འཁོར་བའི་ལོ་རྒྱུས་དྲན་དེབ་དབུ་འབྱེད་གནང་སྟེ། དམིགས་བསལ་སྐུ་མགྲོན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་གསུང་གཤད་གནང་དོན་དུ། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ལས་དོན་འདིར་འཚམ་འདྲི་བཀྲིས་བདེ་ལེགས་ཡོད་ཅེས་དང་། དེ་བཞིན་ནང་སྲིད་དང་མཉམ་འབྲེལ་གཉིས་ཀྱི་འདས་པའི་འབྲེལ་ལམ་སྐོར་དང་། ལྷག་པར་མཉམ་འབྲེལ་ལ་མཚོན་ན། ནང་སྲིད་ཀྱི་ལས་དོན་བྱེད་ཕྱོགས་ཐད་རོགས་སྟེགས་མེད་དུ་མི་རུང་བ་གལ་ཆེའི་རང་བཞིན་ཞིག་དང་། ད་ལྟའི་མཉམ་འབྲེལ་གྱི་ལས་དོན་དེ་ཉིད་ཤས་བདག་མི་མང་ལ་དངོས་སུ་རོགས་རམ་བྱེད་ཐུབ་པ་ཞིག་གནང་བའི་རེ་བ་ཡོད་ཅེས་སོགས་གསུངས།
དེ་བཞིན་དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་དོན་དུ། སྤྱི་མཐུན་མཉམ་འབྲེལ་ཁེ་སང་གི་གནས་སྟངས་འོག་འགྲོ་ཐུབ་པ་འདི་ད་ལྟའི་ལས་ཀྱི་སྣེ་མོ་བས་ཐུགས་འགན་བཞེས་པ་ལ་བརྟེན་ནས་བྱུང་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་དང་། སྤྱི་མཐུན་མཉམ་འབྲེལ་གྱི་ལས་དོན་ཚགས་ཚུད་ཡོང་བར་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་འདེམས་ཕྱོགས་ཐོག་ནས་ཚོང་དང་གོ་རྟོགས་ཡོད་པའི་མི་ཞིག་འདེམས་དགོས་པ་དང་། ལས་དོན་བྱེད་པའི་སྐབས་ལའང་རྣམ་དཔྱོད་ཀྱི་རྩལ་བཏོན་ནས་གནས་བབ་དང་བསྟུན་ནས་ལས་དོན་སྤེལ་དགོས་པ་ཡིན་ཞེས་དང་། ཡང་སྤྱི་མཐུན་མཉམ་འབྲེལ་གྱི་དམིགས་ཡུལ་མི་མང་གི་ཁེ་ཕན་གཅིག་པོ་མིན་པར་གཞི་ཆགས་སྲ་བརྟན་གནས་ཐུབ་བཅུག་དགོས་པ་དེ་ཡང་ཡིན། གཞི་ཆགས་སྲ་བརྟན་ཡོང་བར་གཞིས་ཆགས་ནང་ཚོགས་པ་ཇི་ཙམ་མང་བ་དེའི་ཚོད་ཀྱིས་དེ་དང་འབྲེལ་བའི་ལས་གཞི་རྒྱ་ཆེ་ཙམ་བསྐྲུན་དགོས་པ་ཡིན། མི་མང་ལ་རོགས་སྟེགས་ཕྱིར་མཉམ་འབྲེལ་ནས་ནང་སྲིད་ལ་ཕྱག་རོགས་ཞུ་ཐུབ་པ་དང་། མཉམ་འབྲེལ་ཚང་མར་ཕན་ཐོགས་རྒྱུ་དེ་གལ་ཆེན་པོ་ཡིན་ཞེས་གསུངས། དེ་ནས་དམིགས་བསལ་སྐུ་མགྲོན་རྒྱ་གར་རྒྱལ་ཡོངས་མཉམ་འབྲེལ་སྤྱི་ཁྱབ་ཚོགས་གཙོ་དེ་ནེ་ཤི་ལགས་ཀྱིས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དེ་ཉིད་ཡར་རྒྱས་མངོན་པར་དགའ་བསུ་ཡོད་ཅེས་དང་། ཐོག་མ་ལོ་རྒྱུས་ཀྱི་ཐོག་ནས་འགྲེལ་བརྗོད་གནང་དོན། རྒྱ་གར་དེ་ཉིད་སྤྱི་མཐུན་མཉམ་འབྲེལ་ཐོག་མ་ཕྱི་ལོ ༡༩༠༤ ལོར་འགོ་བཙུགས་པ་ནས་ད་བར་འགྲོ་བཞིན་པ་དང་། སྤྱི་མཐུན་མཉམ་འབྲེལ་དེ་ཉིད་འཛམ་བུ་གླིང་ཕྱོགས་སྤྱི་དང་ལྷག་པར་ཡར་ཐོན་རྒྱལ་ཁབ་ནང་གལ་ཆེའི་རང་བཞིན་ཞིག་ཏུ་གྱུར་ཡོད། མཉམ་འབྲེལ་གྱི་ལས་གཞི་ཚགས་ཚུད་ཡོང་བར་ཚོགས་མི་ཧུར་པོ་དང་འཇོན་པོ། ལས་དོན་བྱེད་པའི་སྐབས་ལའང་ཐབས་མཁས་ཚགས་ཚུད་དགོས་པ་དང་། ཚོགས་མི་འདེམས་ཕྱོགས་ཀྱང་གྲ་སྒྲིག་པོ་དགོས་པ་གལ་ཆེ་ཡིན་སྐོར་སོགས་གསུངས། དེ་ནས་སྐུ་མགྲོན་གྱི་གཙོ་བོ་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་གསུང་དོན། མུ་མཐུད་ཁེ་སང་ཐོག་གནས་ཐུབ་པ་ཡག་པོ་རེད་ཅེས་དང། དེ་ལ་བསྔགས་བརྗོད་ཡོད། ད་ལྟའི་སྤྱི་མཐུན་མཉམ་འབྲེལ་གྱི་ལས་གཞི་དེའི་ལྟ་གྲུབ་ཀྱི་ཐོག་ནས་བཤད་ན། Economic Democracy དཔལ་འབྱོར་གྱི་མང་གཙོའི་རིང་ལུགས་ཞེས་པ་དེ་ཆགས་ཡོད། དེས་ན་སྤྱི་ཡོངས་ཀྱི་གནས་སྟངས་ཀྱི་ཐོག་ཐུགས་འགན་བཞེས་ཏེ་ཕྱག་ལས་གནང་དགོས་ཞེས་སོགས་གསུངས། མཐར་ཚོགས་གཙོ་པདྨ་བདེ་ལེགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་འབྲེལ་གསལ་བཤད་གནང་དོན། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ལས་དོན་གང་དང་གང་ཡིན་སྤྱི་ཡོངས་ལ་གོ་རྟོགས་ཡོད་པ་དང་།་ལྷག་པར་ཁེ་ཕན་དེ་ཡང་སྤྱི་ཡོངས་མཉམ་འབྲེལ་བཅོ་ལྔ་ལ་ཁྱབ་ཀྱི་ཡོད་ཅེས་སོགས་གསུངས་ཏེ་མཛད་སྒོ་རྒྱས་ཤིང་བདེ་བར་གྲོལ་ལོ། །