༢༠༡༥ ཟླ་ ༤ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཁུངས་ཀྱིས་སྨན་པ་བཀྲ་ཤིས་རྣམ་རྒྱལ་ལགས་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢ ཉིན་སྦེལ་ཀོབ་འཚོ་བྱེད་ཁང་གསར་སྨན་ཁང་དུ་སྨན་པར་བསྐོ་གཞག་
གནང་འདུག
སྨན་པ་བཀྲ་ཤིས་རྣམ་རྒྱལ་ལགས་ནི་སིམ་ལར་རྟེན་གཞི་བྱས་པའི་ཨིན་དྷི་ར་གྷན་དྷི་སྨན་པའི་མཐོ་སློབ་ནས་ Indra Gandhi Medical College, Shimla སྨན་པའི་སློབ་སྦྱོང་ MBBS ལེགས་པར་ཐོན་འདུག་པ་དང་། ཁོང་ཕྱི་ཟླ་ ༤ ཚེས་ ༩ ཉིན་འཚོ་བྱེད་ཁང་གསར་སྨན་ཁང་དུ་ལས་བཅར་མ་ཞུས་གོང་བདེ་ལེགས་སྨན་ཁང་དུ་སྨན་པ་བགྲེས་པ་ཚོའི་ལྷན་ཟླ་བ་གཅིག་རིང་ཕྱག་ལས་གནང་ཡོད་འདུག དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱིས་བཀོད་ཁྱབ་འོག ཕྱི་ཟླ་ ༤ ཚེས་ ༡ ཉིན་ནས་སྨན་པ་བསོད་ནམས་སྟོབས་རྒྱལ་ལགས་བདེ་ལེགས་སྨན་ཁང་དུ་བསྐོ་གཞག་གནང་འདུག ཁོང་གིས་སྨན་པའི་སློབ་སྦྱོང་MBBS ཐོག་བྱིས་པའི་འཕྲོད་བསྟེན་དང་འབྲེལ་བའི་ཐོག་སློབ་སྦྱོང་གནང་ཡོད་འདུག
ཁོང་གཉིས་ཀྱིས་སྨན་པའི་སློབ་སྦྱོང་ཐོན་རྗེས་ཉུང་མཐར་ལོ་གསུམ་རིང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་བོད་མིའི་གཞིས་ཆགས་ཁག་གི་སྨན་ཁང་ནང་ཞབས་འདེགས་ཞུ་རྒྱུའི་གན་རྒྱ་གསར་པར་མོས་མཐུན་གནང་ཡོད། བོད་མིའི་གཞིས་ཆགས་མེའོ་དང་། བྷན་རྡ་ར། ལ་དྭགས། ར་ཝང་ལ། ཧོན་སུར། བལ་ཡུལ་སྤོག་ར་སོགས་ལ་ད་དུང་ཛ་དྲག་ཐོག་སྨན་པའི་སློབ་སྦྱོང་ (MBBS) ཐོན་པའི་སྨན་པ་དྲུག་དགོས་མཁོ་ཆགས་འདུག
སྤྱིར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་གར་དང་བལ་ཡུལ་ནང་སྨན་ཁང་ཆེ་བ་བདུན་དང་། སྨན་ཁང་ཆུང་འབྲིང་བསྡོམས་ ༤༣། དེ་བཞིན་སྡེ་ར་ལྡུན་དུ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ཀྱི་ཆེད་མངོན་དགའ་སློབ་གྲྭ་བཅས་ཡོད།
ད་ཆར་བྷི་ཀ་ནེར་དང་སིམ་ལ། ཀངྒ་ར། ཀོལ་ཀ་ཊ་བཅས་སུ་བོད་རིགས་སྨན་པའི་སློབ་སྦྱོང་དང་ཉམས་གསོག་གནང་བཞིན་པའི་སློབ་མ་བཅོ་ལྔ་ཡོད་པ་དང་། ཁོང་རྣམས་ཀྱིས་འཕྲོད་བསྟེན་ལས་ཁུངས་དང་གན་རྒྱ་བཞག་ཡོད་ཅིང་། ཁོང་རྣམ་པས་གན་རྒྱའི་འབྲུ་དོན་ལྟར་སྨན་པའི་སློབ་སྦྱོང་ཐོན་རྗེས་ཉུང་མཐར་ལོ་གསུམ་རིང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་བོད་མིའི་གཞིས་ཆགས་ཁག་གི་སྨན་ཁང་ནང་ཞབས་འདེགས་ཞུ་རྒྱུའི་ཁས་ལན་གནང་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྨན་པའི་ཟུར་བཅད་ཞབས་སྟེགས་ཐོག་སྨན་པའི་སློབ་སྦྱོང་གནང་ནས་ཕྱིར་འཁོར་མཚམས་གན་རྒྱའི་འབྲུ་དོན་ལྟར་འཕྲོད་བསྟེན་ལས་ཁུངས་སུ་ཉུང་མཐར་ལོ་གསུམ་ཞབས་ཞུ་བསྒྲུབ་དགོས། འོན་ཀྱང་གན་རྒྱའི་འབྲུ་དོན་ལྟར་སྨན་པའི་སློབ་སྦྱོང་ཐོན་ཟིན་ནའང་ཞབས་འདེགས་མ་ཞུ་མཁན་མོན་གྷོ་གཞིས་ཆགས་ནས་གསུམ་དང་། མ་ན་ལི། ཀོ་ལི་གྷལ། རྡ་ས། བལ་ཡུལ་བཅས་ལ་རེ་རེ་ཡི་ཁྱོན་སྨན་པ་བདུན་ཡོད།
བཀའ་ཤག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༡ ནས་བཟུང་མེའོ་དང་ཨོ་རི་ས། མེན་སྤར། བྷན་རྡ་ར། ལ་དྭགས། སོགས་ས་ཐག་རིང་བའི་ས་ཁུལ་ཁག་ཏུ་སྨན་པ་བྱེད་འདོད་ཡོད་མཁན་རིགས་ལ་ལོ་གསུམ་ཞབས་ཞུ་བསྒྲུབ་རྒྱུའི་ཚབ་ཏུ་ལོ་གཉིས་རིང་ཞབས་ཞུ་བསྒྲུབ་ན་འཐུས་རྒྱུའི་བཀའ་འཁྲོལ་གནང་ཡོད་འདུག