༢༠༡༥ ཟླ་ ༤ ཚེས་ ༢ རེས་གཟའ་ཕུར་བུ། ༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༣༡ ཉིན་བོད་མི་མང་ཡུ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་སྐུ་སྒེར་གྱི་མཚན་ཐོག་ནས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝིར་བྷདྲཱ་སིངྒ་ Shri. Virbhadra Singh མཆོག་དང་མཇལ་འཕྲད་ཞུས་འདུག སྐབས་དེར་ཁོང་ནས་བློན་ཆེན་མཆོག་ལ་འདས་པའི་ལོ་ ༥༠ ཙམ་གྱི་རིང་མངའ་སྡེའི་གཞུང་ནས་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་མ་ཟད། ཉེ་ལམ་མངའ་སྡེ་གཞུང་གིས་ཧི་མཱ་ཅལ་མངའ་སྡེའི་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུས་འདུག ཕྱོགས་མཚུངས་བཀུར་འོས་སྤྱི་འཐུས་ནས་མངའ་སྡེའི་སྐྱེལ་འདྲེན་དང་ཟ་འབྲུའི་བློན་ཆེན་སྐུ་ཞབས་ཇི་ཨེ་སི་བྷ་ལི་ Shri. G.S. Bali མཆོག་དང་བཟོ་གྲྭ་དང་མང་ཚོགས་འབྲེལ་ལམ་ལས་ཁུངས་ཀྱི་བློན་ཆེན་སྐུ་ཞབས་མུ་ཀེ་ཤི་ཨག་ནི་ཧོཏྲི་ Shri. Mukesh Agnihotri མཆོག དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་སྒེར་དྲུང་སྐུ་ཞབས་ཝི་སི་ཕར་ཀ་ Shri. V.C. Pharka མཆོག་བཅས་དང་མཇལ་འཕྲད་ཞུས་ནས་དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་ཙམ་མ་ཟད། དེང་སྐབས་ཡུ་རོབ་ནང་བོད་དོན་རྒྱབ་སྐྱོར་གྱི་གནས་བབ་རྣམས་གསལ་བཤད་ཞུས་འདུག དེ་རྗེས་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་རྡ་ས་བདེ་དོན་ལས་ཁུངས་དང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག དེ་བཞིན་རྒན་གསོ་ཁང་སོགས་ལའང་ཕེབས་འདུག
བོད་མི་མང་གི་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་ཞུས་པ།
གསར་གནས།

འབྲེལ་གནས།
