༢༠༡༥ ཟླ་ ༤ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༣༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་བོད་ཀྱི་འགྲེམས་སྟོན་ཁང་གསར་འཛུགས་གནང་ནས་མི་ལོ་ ༡༥ འཁོར་བ་དང་བསྟུན། ནང་གི་བཀོད་པ་གསར་སྒྲིག་ལེགས་གྲུབ་བྱུང་བ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་གནང་ཡོད། ཐེངས་དེའི་ལས་རིམ་ཐོག་སྐུ་མགྲོན་གཙོ་བོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་འཕྲོད་བསྟེན་བཀའ་བློན་མཆོག་དང། བཀའ་དྲུང་། ཕྱི་དྲིལ་དང་འཕྲོད་བསྟེན། དཔལ་འབྱོར་དང་རྩིས་ཞིབ་ལས་ཁུངས་བཅས་ཀྱི་དྲུང་ཆེ་རྣམ་པ། དེ་བཞིན་གསར་འགོད་པ་དང་དེ་གའི་ལས་བྱེད་བཅས་ཁྱོན་མི་གྲངས་ཉི་ཤུ་བརྒལ་བ་ལྷན་འཛོམས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འགྲེམས་སྟོན་དབུ་འབྱེད་དང་སྦྲགས་མཆོད་མེ་ཞལ་ཕྱེ་གནང་བ་དང། དེ་ནས་འགྲེམས་སྟོན་འགན་འཛིན་བཀྲིས་ཕུན་ཚོགས་ལགས་ཀྱིས་སྣེ་ཤན་དང་སྦྲགས་སྲིད་སྐྱོང་མཆོག་གིས་གཙོས་སྐུ་མགྲོན་རྣམ་པར་འགྲེམས་སྟོན་ཁང་གི་འགྲེམས་སྟོན་གསར་སྒྲིག་ཁག་རེ་རེ་བཞིན་ངོ་སྤྲོད་ཞུས། དེ་རྗེས་བོད་ཀྱི་འགྲེམས་སྟོན་ཁང་གི་བཀོད་པ་གསར་པའི་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་ཞུས་པའི་ནང་། བོད་ཀྱི་འགྲེམས་སྟོན་ཁང་གི་ལས་གཞི་དེ་ཐོག་མར་ཕྱི་ལོ་ ༡༩༩༨ དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གལ་ཆེ་དོན་ཆེར་བརྩིས་ནས་ཕྱི་དྲིལ་ལས་ཁུངས་ཁོངས་སུ་ཆེད་བཙུགས་གནང་བ་ཞིག་ཡིན་འདུག་པ་དང་། དེའི་དམིགས་ཡུལ་གཙོ་བོ་ཁག་གཅིག་ཡོད་པ་ནི།
༡) བོད་ཀྱི་ལོ་རྒྱུས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་དང་།
༢) རྒྱའི་བཙན་འོག་ཏུ་རྐྱེན་འདས་སུ་གྱུར་བའི་བོད་མི་རྣམས་ཀྱི་བྱས་རྗེས་ལ་དྲན་གསོ་ཞུ་རྒྱུ།
༣) ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟང་ཕྱི་ནང་ཡུལ་གྲུ་ཁག་ལ་ཁྱབ་སྤེལ་ཞུ་རྒྱུ།
༤) དེ་བཞིན་བོད་པའི་མི་རབས་གསར་པར་བོད་མིའི་སྲོལ་རྒྱུན་གྱི་གོམས་གཤིས་བཟང་པོ་བརྒྱུད་སྤྲོད་གནང་རྒྱུ་བཅས་ཡིན་འདུག
བོད་ཀྱི་འགྲེམས་སྟོན་ཁང་གི་ནང་གི་བཀོད་པ་གསར་བསྒྲིགས་ཞུ་རྒྱུའི་ལས་གཞི་ལེགས་སྒྲུབ་ཟིན་ཐུབ་པ་དེ་ནི། གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་། ཕྱི་དྲིལ་བཀའ་བློན། ཕྱི་དྲིལ་དྲུང་ཆེ་རྣམ་གཉིས། ཕྱི་དྲིལ་འཛིན་སྐྱོང་འགན་འཛིན་བཅས་ཀྱི་ལམ་སྟོན་དང་རྒྱབ་སྐྱོར་གནང་བའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་སོང་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་དབུས་བོད་མིའི་སྒྲིགས་འཛུགས་དང་། ཨ་རིའི་རོགས་ཚོགས་ National Endowment for Democracy and Rowell Fund for Tibet ཀྱིས་དཔལ་འབྱོར་མཐུན་བསྒྱུར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། ཕྱོགས་མཚུངས་འགྲེམས་སྟོན་བཀོད་བསྒྲིགས་སྐབས་རོགས་བསྐྱོར་གནང་མཁན་ Markus Strumphel ལགས་དང་བོད་ཨིན་ཧིན་གསུམ་ཞུ་དག་གནང་མཁན་ཕྱི་དྲིལ་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས་དང་། བུ་ཆུང་ d ཌི་བསོད་ནམས་ལགས། ཕྱི་དྲིལ་ལས་བྱེད་སྐལ་བཟང་མཁས་སྒྲུབ་ལགས་དང་ངག་དབང་ཐོག་མེད་ལགས། སྐལ་བཟང་སྟོབ་ལྡན་ལགས། ཤེས་རིགས་ལས་བྱེད་རྐམ་སྨོན་ལམ་ལགས། བོད་ཀྱི་དཔེ་མཛོད་ཁང་གི་ཧིན་དི་ཚན་པའི་ལས་བྱེད་བྱམས་པ་ཟླ་བ་ལགས་བཅས་ལ་ཐུགས་རྗེ་ཆེ་ཞུས་ཡོད། དེའི་རྗེས་ཕྱི་དྲིལ་ཁྱབ་ཁོངས་ཀམ་པུ་ཌར་སྡེ་ཚན་གྱི་བོད་མིའི་སྒྲིག་འཛུགས་ཀྱི་ཨིན་ཡིག་དྲ་རྒྱ་ (tibet.net) རྣམ་པ་གསར་པ་དབུ་འབྱེད་གནང་གྲུབ་མཚམས། ཀམ་པུ་ཌར་སྡེ་ཚན་གྱི་ལས་བྱེད་རྣམ་རྒྱལ་ལེགས་བཤད་ལགས་གྱིས་རྣམ་པ་གསར་པའི་དྲ་རྒྱ་དེ་བལྟ་ཀློག་བདེ་པོ་ཡོད་པའི་ངོ་སྤྲོད་གནང་།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། ང་ཚོར་བདེན་པ་ཡོད་པ་འདི་དྲ་རྒྱ་དང་འགྲེམས་སྟོན་བརྒྱུད་སྟོན་རྒྱུ་དེ་ང་ཚོའི་མེད་དུ་མི་རུང་བའི་ལག་ཆ་ཞིག་ཡིན་དུས་ཚགས་ཚུད་གནང་བ་ཡིན་ན་ང་ཚོར་ཡོད་པའི་བདེན་པ་དེ་དག་འཛམ་གླིང་སྤྱི་ལ་ཁྱབ་ཐུབ་པ་ཡོང་གི་ཡོད། དེ་ལྟར་བྱུང་ན་ང་ཚོའི་རྒྱལ་ཁ་རེད་བསམ་གྱི་འདུག ཅེས་དང། ང་ཚོའི་འགྲེམས་སྟོན་ཁང་དང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་གཉིས་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད། ཉེ་བའི་ཆར་ཡར་རྒྱས་ཕྲན་བུ་བཏང་སྟེ། འགྲེམས་སྟོན་ལྟ་བུར་ཆ་བཞགས་པ་ཡིན་ན། གང་ཅིའི་ཐོག་བལྟ་བདེ་བ་དང་།
མཐོང་བདེ་བ། དེ་བཞིན་འདིར་སུ་འདྲ་ཞིག་བསླེབས་པ་ཡིན་ནའང་བོད་ཀྱི་སྔ་ལོ་ནས་ད་ལྟའི་བར་གྱི་ལོ་རྒྱུས། བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ཆ་ཚང་རྟོགས་ཐུབ་རྒྱུའི་ཆ་རྐྱེན་ནམ་མཐུན་རྐྱེན་དེ་གནང་འདུག་ཞུ་རྒྱུ་དང་།
དེ་བཞིན་Tibet.netང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ཡིན་ནའང་ཉེ་བའི་ཆར་ཡར་རྒྱས་གང་ལ་གང་ཙམ་བཏང་ཡོད། གཟིགས་བདེ་བ་དང་གནས་ཚུལ་འཚོལ་ཞིབ་བྱེད་པའི་སྐབས་འཚོལ་བདེ་བ་ཆགས་ཡོད། དེ་གཉིས་ཀ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། གང་ལ་ཟེར་ན་རྒྱ་ནག་གཞུང་གིས་ཉེ་ཆར་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་བཏོན་ཡོད། རྒྱབ་ཤ་དཀར་པོ་དེ་ཐེངས་བཅུ་གསུམ་པ་དེ་ཆགས་ཡོད། རྒྱབ་ཤ་དཀར་པོའི་དེབ་དེ་གཟིགས་པ་ཡིན་ན། ལེའུ་ལྔ་ཡོད། དང་པོ་སྔ་མོའི་ལོ་རྒྱུས། དེང་དུས་ཡར་རྒྱས་གཏོང་གི་ཡོད་པ། ཞི་བའི་ལམ་ཐོག་ནས་རྩ་དོན་བརྩོད་ཀྱི་ཡོད་ཟེར་གྱི་ཡོད་རེད་དེ་མེད་པ་ཁོང་རང་ཚོས་ཁུངས་སྐྱེལ་བྱ་རྒྱུ་འབད་བརྩོན་བྱེད་པ། དབུ་མའི་ལམ། སྐུ་ཕྲེང་རིམ་བྱོན་ཡང་སྲིད་སྐོར་བཅས་ལེའུ་ལྔའི་ཐོག་ལ་བཤད་ཡོད། ཁོང་རང་ཚོའི་རྒྱབ་ཤ་དཀར་པོ་དེའི་ནང་གཟིགས་པ་ཡིན་ན། ཁུངས་མེད་ཧམ་བཤད་ཐོག་དཔར་སྐྲུན་བྱས་ཏེ་ཁྱབ་བསྒྲགས་བྱས་ཡོང་གི་ཡོད། དེ་བཞིན་རྒྱབ་ཤ་དཀར་པོ་ཟེར་བ་དེ་གཞི་རྩའི་གཞུང་གི་ཐོག་ནས་གནད་དོན་གལ་ཆེན་པོ་ཡིན་པ་དེ་ལ་གནས་ཚུལ་དཀར་པོ་གང་ཡིན་པ་དང་ནག་པོ་གང་ཡིན་པ་གསལ་བཤད་བྱེད་དགོས་ཀྱི་འདུག་ཅེས་གཞུང་ཐོག་ནས་གལ་ཆེ་དོན་ཆེན་བརྩིས་ནས་རྒྱབ་ཤ་དཀར་པོ་བཏོན་གྱིས་ཡོད། ཚོང་གི་ཐོག་ལའང་གལ་ཆེ་བའི་ཚོང་ཆས་ལྟ་བུ་གཅིག་བཙོང་དགོས་ཀྱི་ཡོད་ན་དེའི་ཐོག་ལ་རྒྱབ་ཤ་དཀར་པོ་བཏོན་པའི་ལུགས་སྲོལ་ཞིག་ཡོད། ཡིན་ནའང་བོད་དོན་ཐོག་ལ་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་གྲངས་ནས་བཟུང་སྟེ་རྒྱབ་ཤ་དཀར་པོ་ཐེངས་བཅུ་གསུམ་བཏོན་ཡོད།
ལོ་གཉིས་རེའི་མཚམས་སུ་རྒྱ་གཞུང་གིས་རྒྱབ་ཤ་དཀར་པོ་རེ་བཏོན་དགོས་ཡོད། དེས་ག་རེ་བསྟན་གྱི་ཡོད་ཅེ་ན། རྒྱལ་སྤྱིའི་ཐོག་ལ་བོད་པའི་བདེན་པ་གང་ཡིན་པ་དེ་བོད་མིའི་སྒྲིག་འཛུགས་གཙོ་བོ་བྱས་པའི་ཐོག་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ། མི་མང་སྤྱི་ཡོངས་ཀྱིས་འབད་བརྩོན་བྱས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་བཤད་པ་དེ་བདེན་པ་རེད་འདུག་ཅེས་དེ་ལ་ཡིད་ཆེས་དང་། དེ་བཞིན་རྒྱབ་སྐྱོར་བྱེད་མཁན་མང་བ་ཡོང་གི་ཡོད་པར་བརྟེན་རྒྱ་ནག་གཞུང་ཡིན་ནའང་བོད་ཀྱི་ཆེད་དུ་རྒྱབ་ཤ་དཀར་པོ་ཐེངས་གཅིག་དང་གཉིས་མ་ཡིན་པར་ཐེངས་བཅུ་གསུམ་ཙམ་བཏོན་དགོས་པ་ཆགས་ཡོད། དཔེར་ན། ཤིང་ཅང་ལྟ་བུར་ད་བར་རྒྱབ་ཤ་དཀར་པོ་གཉིས་ལས་བཏོན་མི་འདུག ཧོང་ཀོང་དུ་ཉེ་ཆར་གཅིག་ལས་བྱུང་མེད། ནང་སོག་ལྟ་བུ་ང་ཚོ་བོད་པའི་གནས་སྟངས་དང་འདྲ་བ་རེད་དེ། གནས་སྟངས་གཞན་ལ་རྒྱབ་ཤ་དཀར་པོ་ཉུང་བ་བཏོན་དགོས་པ་དང་། བོད་དོན་ཐོག་ལ་རྒྱབ་ཤ་དཀར་པོ་མང་བར་བཏོན་དགོས་དོན་ནི། བོད་ནང་ཆབ་སྲིད་ཐོག་དམ་བསྒྲགས་བྱེད་པ། བོད་བཙན་བཟུང་བྱས་པ། ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད། གང་ཅིའི་ཐོག་ལ་ཡིན་ནའང་མནར་གཅོད་གཏོང་གིས་ཡོད་པ་དེ་ང་ཚོས་ཕྱི་ལ་འགྲེམས་སྤེལ་བྱས་ཏེ་བཤད་ཐུབ་པ་ལ་བརྟེན་ནས་རྒྱ་ནག་གཞུང་སྟོབས་ཤུག་ཆེན་པོ་དང་དཔལ་འབྱོར་ཐོག་ལའང་དངུལ་ཤུགས་ཆེན་པོ་ཡོད་རེད་དེ། བོད་མིའི་སྒྲིག་འཛུགས་གིས་དཔལ་འབྱོར་དང་ནུས་པའི་ཐོག་ནས་བསྡུར་ཐུབ་པ་མེད་རུང་། མཐའ་དོན་གྱི་གྲུབ་འབྲས་དེ་བདེན་པ་ང་ཚོར་ཡོད་པ་ཕྱི་ལ་ཁྱབ་བསྒྲགས་བྱེད་ཐུབ་ཀྱི་ཡོད་པར་བརྟེན་རྒྱབ་ཤ་དཀར་པོ་ཐེངས་བཅུ་གསུམ་བཏོན་དགོས་ཐུག་ཡོད། གང་འདྲ་བྱས་ནས་ང་ཚོས་ཕྱི་ལ་བདེན་པ་དེ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་རེད་ཟེར་ན། ང་ཚོ་བོད་མིའི་སྒྲིག་འཛུགས་ལ་དྲ་རྒྱ་ཡོད་པ་རེད། པྱི་ལོ་ ༢༠༡༡ སྔོན་ལ་དྲ་རྒྱ་ཡོད་པ་དེ་ ༢༠༡༡ རྗེས་སུ་བཀའ་ཤག་གིས་དེའི་ཐོག་ལ་ཕྲན་བུ་འབད་བརྩོན་བྱས།
དེ་བཞིན་རྣམ་རྒྱལ་ལེགས་བཤད་ལགས་དང་ཀྲི་སི་ཨར་སི་ལས་བྱེད་རྣམ་པ། བྷ་རན་གཙོས་པའི་ཁོང་རང་ཚོས་འབད་བརྩོན་བྱས་ཏེ། དྲ་རྒྱ་ཡར་རྒྱས་བཏང་བར་བརྟེན་ཉེ་ཆར་དབྱིན་ཡིག་དྲ་རྒྱ་གཅིག་པུར་ཟླ་བ་རེར་མི་འབུམ་གཅིག་དང་ཁྲི་གཅིག་ཙམ་གྱིས་བལྟས་ཡོད། དེའི་ནང་ནས་མི་གསར་པ་དྲུག་ཁྲི་དྲུག་སྟོང་གིས་ཟླ་བ་རེ་ལ་བལྟ་བཞིན་ཡོད། དེའི་ནང་ནས་རྒྱལ་ཁབ་ཁག་ལ་བགོས་ཡོང་སྐབས་མང་ཤོས་རྒྱ་གར། དེ་ནས་ཨ་རི། དེ་ནས་སུ་སི་བཅས་རེད། གྲོང་ཁྱེར་ཁག་ལ་བལྟས་ཡོང་སྐབས་མང་ཤོས་ལྡི་ལི། དེ་ནས་ནིའུ་ཡོག བྷེང་ལོར། དེ་འདྲ་བྱས་ཏེ་ལྟ་བཞིན་ཡོང་བའི་སྐབས་སུ་དྲ་རྒྱ་ཡིན་ནའང་དེའི་ནང་ལྟ་མཁན་མང་པོ་ཡོང་གི་ཡོད་འདུག དཔེར་ན། ང་རང་ལ་དྭགས་སུ་བསྟི་གནས་ཤིག་གི་དབུ་འབྱེད་མཛད་སྒོ་གནང་བ་དང་སྦྲགས་ང་ཚོ་བོད་མའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་ལ་ཞལ་ལག་གཅིག་བཏང་གནང་སོང་། དེའི་སྐབས་རྒྱ་གར་གྱི་གནད་ཡོད་མི་སྣ་འགའ་ཤས་ཤིག་ཕེབས་གནང་འདུག ང་ཚོ་བཀའ་མོལ་གནང་སྐབས་རྒྱ་གར་བ་གཅིག་མ་ཡིན་པར་གཉིས་གསུམ་གྱིས་གང་ཟེར་གྱི་འདུག་ཟེར་ན། tibet.net ཟེར་བ་འདི་ཤིན་ཏུ་ཕན་ཐོགས་པོ་འདུག ང་ཚོ་ལ་དྭགས་ས་ཆ་ཁུག་ཀྱོག་ཞིག་ལ་ཡོད་པ་ཡིན་ནའང་བོད་དོན་སྐོར་ཤེས་འདོད་ཡོད་པ་དང ། དེ་བཞིན་༧གོང་ས་མཆོག་གི་ཆིབས་སྒྱུར་སྐོར་ཤེས་འདོད་ཡོད་ན་དྲ་རྒྱ་དེའི་ནང་ཉིན་རེ་ཉིན་རེར་གནས་ཚུལ་ཞིབ་ཕྲ་ཐོན་ནས་ཕན་ཐོགས་པོ་འདུག འདི་ང་གཅིག་པུ་མིན། རྒྱ་གར་ནང་བོད་དོན་ལ་དོ་སྣང་བྱེད་མཁན་གནད་ཡོད་མི་སྣ་སུ་ཡོད་ནའང་བོད་མིའི་སྒྲིག་འཛུགས་སྐོར་ལྟ་བཞིན་ཡོད་ཅེས་ཁོང་རང་གིས་གཅིག་བཤད་ཡོང་དུས་ཁོང་ཚོ་ཚང་མས་མཉམ་དུ་མོས་མཐུན་བྱས་ནས་བཤད་ཡོང་གིས་འདུག དྲ་རྒྱ་བལྟ་མཁན་དེ་ང་ཚོ་བོད་པ་གཅིག་པུ་མ་ཡིན་པར་རྒྱ་གར་ནང་གནད་ཡོད་མི་སྣ་དང་།
དེ་བཞིན་ཝ་ཤིང་ཌོན་ཌི་སི་གནས་ཡོད་མི་སྣ་ཐུག་ཡོང་སྐབས་དྲྭ་རྒྱ་དེ་ཕན་ཐོགས་པོ་འདུག་ཅེས་གསུང་མཁན་དེ་མང་དུ་འགྲོ་གིན་འདུག དེ་འདྲ་ཡིན་དུས་ང་ཚོར་བདེན་པ་ཡོད་པ་དེ་ཕྱི་ལ་ཁྱབ་བསྒྲགས་ཤུགས་ཆེ་རུ་འགྲོ་གི་ཡོད་པ་དེ་གསལ་པོ་རེད་འདུག དེ་འདྲ་སོང་ཙང། ཉེ་ཆར་ང་ཚོ་དྲ་རྒྱ་ལྟ་རྒྱུ་དེ་སྟབས་བདེ་རུ་བཏང་དགོས་ཀྱི་འདུག་ཅེས་དྲ་རྒྱའི་མདུན་ཤོག་དང། མདུན་གྱི་པར་དེ་སྔོན་མ་ཡིན་ན་སྐར་ཆ་གསུམ་ནས་འགྱུར་བ་མ་གཏོགས་ང་ཚོས་རང་དབང་གིས་ཐོག་ནས་བསྒྱུར་ཐུབ་ཀྱི་མེད། ད་ལྟའི་ཆར་ང་ཚོས་རང་དབང་གིས་ཐོག་ནས་བལྟ་བདེ་བ་ཡོད། སྙིང་དོན་ཞུ་རྒྱུར། ང་ཚོས་བདེན་པ་བརྩོད་ཀྱིས་ཡོད་སྟབས། རྒྱ་ནག་གཞུང་ནས་རྒྱབ་ཤ་དཀར་པོ་གཙོས་པའི་ག་དུས་ཡིན་ནའང་ཁོ་པ་ཚོས་ཁྱབ་བསྒྲགས་བྱེད་ཀྱི་ཡོད། དེ་ལ་དཔལ་འབྱོར་ཐོག་ནས་རྒྱ་ནག་དང་ང་ཚོ་འདྲ་འདྲ་ཡོད་མ་རེད། མིའི་ནུས་པའི་ཐོག་ནས་མི་མང་ཉུང་བརྩིས་པ་ཡིན་ན་བསྡུར་ཐུབ་པ་མེད། ང་ཚོར་བདེན་པ་ཡོད་པ་འདི་དྲ་རྒྱ་དང་འགྲེམས་སྟོན་བརྒྱུད་སྟོན་རྒྱུ་དེ་ང་ཚོའི་མེད་དུ་མི་རུང་བའི་ལག་ཆ་དེ་ཡིན་དུས་ཚགས་ཚུད་གནང་བ་ཡིན་ན་ང་ཚོར་ཡོད་པའི་བདེན་པ་དེ་འཛམ་གླིང་སྤྱི་ལ་ཁྱབ་ཐུབ་པ་ཡོང་གི་ཡོད། འདི་ང་ཚོའི་རྒྱལ་ཁ་རེད་བསམ་གྱི་འདུག
དཔེར་ན་རང་ལུས་མེར་སྲེག་བཏང་དགོས་པའི་སྐོར་ང་ཚོས་འོག་གི་འགྲེམས་སྟོན་ཁང་ནང་བཀོད་ཡོད། ཆབ་སྲིད་ཀྱི་དམ་བསྒྲགས། ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད། སྤྱི་ཚོགས་དབྱེ་འབྱེད། ཡང་ན་དཔལ་འབྱོར་དབྱེ་འབྱེད། དེ་ཁ་སང་སྔོན་མ་ནས་སྲིད་བྱུས་ཉམས་ཞིབ་ཁང་གི་དེབ་ནང་དེ་དག་བཀོད་ཡོད་ལ། དྲིལ་བསྒྲགས་ལས་ཁུངས་ཀྱི་ཡིག་ཆ་ནང་ལའང་དེ་བཀོད་ཡོད། རྒྱ་ནག་གཞུང་ནས་ཧམ་བཤད་ཀྱིས་བོད་ནང་རང་ལུས་མེར་སྲེག་བཏང་དགོས་དོན་འདི་བཙན་འབྱོལ་གཞུང་། བོད་མིའི་སྒྲིག་འཛུགས། ཕྱི་ལ་ཡོད་པའི་གནོན་ཤུགས་ལ་བརྟེན་ནས་བྱུང་བ་ཞིག་རེད་ཟེར་ནས་ཧམ་བཤད་ཀྱིས་སི་སི་ཌི་ཝི་ཁོང་རང་ཚོའི་བརྙན་འཕྲིན་ནང་གློག་བརྙན་དེ་འདྲ་སྟོན་པ་དང། གསར་འགྱུར་བརྒྱུད་ལམ་ཁག་ནང་ཁྱབ་བསྒྲགས་བྱས། ཕྱི་རྒྱལ་ཚགས་པར་མང་པོའི་ནང་བྲིས་པ་རེད་དེ། མཐའ་མར་ཨ་རི་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ། ཨ་རི་གྲོས་ཚོགས་གཉིས་ཀའི་ནང་གི་སྙན་ཐོ་དང། འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་གི་ཚོགས་པ་ཁག་གི་སྙན་ཐོ་མང་པོའི་ནང་། བོད་ནང་རང་ལུས་མེར་སྲེག་བཏང་དགོས་དོན་འདི། ཆབ་སྲིད་ཀྱི་དམ་བསྒྲགས། ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད། སྤྱི་ཚོགས་དབྱེ་འབྱེད། ཡང་ན་དཔལ་འབྱོར་དབྱེ་འབྱེད་བཅས་ཀྱི་རྐྱེན་ལ་བརྟེན་ནས་བྱུང་བ་རེད་ཅེས། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་བཀོད་པའི་ཐ་སྙད་ཇི་མ་ཇི་བཞིན་ཕྱི་རྒྱལ་ལུང་པའི་གཞུང་གི་སྙན་ཐོའི་ནང་ཐོན་ཐུབ་པ་འདི་ང་ཚོ་ལ་བདེན་པ་ཡོད་པའི་ཁུངས་སྐྱེལ་ར་འཕྲོད་པ་ཞིག་རེད། ཅེས་སོགས་ཀྱི་བཀའ་སློབ་གནང་།
དེ་ནས་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཐུག་རྗེ་ཆེའི་གསུང་བཤད་དང་སྦྲགས་ཏེ་ཕྱི་དྲིལ་ལས་ཁུངས་ཀྱིས་ངོས་ནས་ཕྱི་ཕྱོགས་སུ་བོད་དོན་དྲིལ་བསྒྲགས་སྤེལ་བའི་ལས་དོན་གང་དང་གང་སྤེལ་ཟིན་པ་དང་། མ་འོངས་པའི་ལས་འཆར་བཀོད་སྒྲིག་སོགས་ཀྱི་སྐོར་དང་། དེ་ཡང་ཁོང་གིས་གསུང་དོན་དུ། ཕྱི་དྲིལ་ལས་ཁུངས་ངོས་ནས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་སྤེལ་བའི་ལས་གཞི་ཆེ་ཆུང་གང་ཡོད་པ་དེ་ཚོ་ང་རང་ཚོའི་གནས་སྟངས་དང་མཐུན་རྐྱེན་ལ་དཔག་པའི་འཐུས་ཤོར་མ་འགྲོ་བ་དང། མི་རྒྱུ་གང་ཡོད་པ་དེ་གནད་ལ་ཕིགས་པའི་ཐོག་ནས་བེད་སྤྱོད་ཡོང་བའི་ཐོག་འབད་བརྩོན་ཞུས་དང་ཞུ་མུས་ཡིན་ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་འགྲེམས་སྟོན་ཁང་གིས་སྐུ་མགྲོན་གཙོས་དེར་ཕེབས་པ་ཚང་མར་གསོལ་ཇ་དང་ཞེས་བག་ཕུལ་བ་དང། དེ་གའི་འགན་འཛིན་བཀྲིས་ཕུན་ཚོགས་ལགས་ཀྱིས་སྲིད་སྐྱོང་མཆོག་ལ་འགྲེམས་སྟོན་ཁང་གི་གཟིགས་སྐོར་གྱི་མཚན་ཐོ་དང་དགོངས་འཆར་འགོད་དེབ་སྤྱན་འབུལ་ཞུས་པར་སྲིད་སྐྱོང་མཆོག་གིས་མཚན་དང་དེའི་ནང་དབྱིན་ཡིག་ཐོག་དགོངས་འཆར་བཀོད་དོན། བོད་ཀྱི་འགྲེམས་སྟོན་ཁང་འདི་ནི་བོད་དང་བོད་མིའི་བདེན་པ་མཚོན་པའི་སྣང་བརྙན་ཡིན། བོད་ནི་བཙན་བཟུང་འོག་གནས་ཡོད་པ་དང་། བོད་མི་རྣམས་བཙན་གནོན་འོག་དཀའ་སྡུག་མྱོང་བཞིན་པ་འཛམ་གླིང་མི་མང་གིས་འགྲེམས་སྟོན་དེ་བརྒྱུད་ཤེས་ཐུབ་པ་ཞིག་ཡིན་ཞེས་ཕྱག་བྲིས་གནང་ཡོད། དེ་ནས་ལས་རིམ་ཡོངས་རྫོགས་ལེགས་གྲུབ་ཟིན་པ་བཅས། །