༢༠༡༥ ཟླ་ ༤ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༥ རེས་གཟའ་ཉི་མའི་ཉིན་བོད་ཀྱི་ཟློས་གར་ཚོགས་པའི་ཐང་ཆེན་དུ་ཞོ་སྟོན་རྒྱས་པ་ཐེངས་ ༢༠ གཟབ་རྒྱས་ངང་མཇུག་སྒྲིལ་གནང་འདུག དེ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་ཁག་གཅིག གཞན་ཡང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་དང་མི་མང་བཅས་ཁྱོན་མི་གྲངས་ ༢༥༠༠ བརྒལ་བ་འདུ་འཛོམས་ཐོག་ཉིན་མཐའ་མའི་ཞོ་སྟོན་དབུ་འཛུགས་ཀྱིས་ཐོག་མར། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ནས་འཚམས་འདྲིའི་གསུང་བཤད་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པ་ནས་ལྷ་གཞུང་ཐོག་སྟོན་པའི་མཛད་རྣམ་འཁྲབ་སྟོན་ཞུས་ཡོད། འཁྲབ་སྟོན་ལེགས་པར་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་གིས་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲི་གནང་བ་དང་ཆབས་ཅིག་གསུང་བཤད་གནང་དོན།
དེ་རིང་བོད་ཀྱི་ཟློས་གར་ཚོགས་པས་སྟོན་པ་བཀའ་དྲིན་ཅན་གྱི་མཛད་རྣམ་རྒྱས་ཤིང་རྒྱས་པ་ཞིག་འཁྲབ་སྟོན་གནང་སོང་། འཁྲབ་སྟོན་ཧ་ལས་པའི་ཡག་པོ་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞོ་སྟོན་རྒྱས་པ་ཉིན་དང་པོའི་ཐོག་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བསྐྱངས་ཏེ་ལྷ་མོའི་འཁྲབ་སྟོན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་དེ་ང་ཚོ་ཚང་མ་ཚོགས་བསགས་པ་དང་བསྐལ་པ་བཟང་པོ་རེད།
སྤྱིར་ལྷ་མོ་ཚོགས་པ་ནི་རྩ་ཆེན་དང་གལ་ཆེན། དེ་བཞིན་རིག་གཞུང་རྙིང་པ་ཞིག་ཡིན་པ་ང་ཚོ་ཚང་མས་ངོས་འཛིན་ཞུ་བཞིན་ཡོད། འོན་ཀྱང་ད་བར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དོ་སྣང་དང་མཐུན་རྐྱེན་གནང་བ། ཡར་རྒྱས་གཏོང་དགོས་པའི་དགོངས་འཆར་གནང་བ་ཕལ་ཆེར་བྱུང་མེད་པ་ལྟ་བུ་འདུག བཀའ་ཤག་གིས་བཀའ་བསྡུར་རིམ་པ་གནང་སྟེ་ལྷ་མོའི་འཁྲབ་སྟོན་འདི་ནི་རིག་གཞུང་རྙིང་པ་དང་རྩ་ཚེན་ཞིག་ཡིན་པ་མ་ཟད། ད་ལྟའི་དུས་རབས་འདིར་ལྷ་མོའི་འཁྲབ་སྟོན་བྱ་རྒྱུ་ནི་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུས་ཏེ། ད་ལོ་ཚོགས་པ་ཁག་དགུ་ལ་འབུམ་བཞི་རེ་གནང་བ་དང་། དེ་བཞིན་མ་སུ་རི་དང་ཅོན་ཏ་ར་སློབ་གྲྭར་འབུམ་རེ་རེ་གནང་ཡོད། བཀའ་ཤག་གི་ངོས་ནས་ལྷ་མོའོ་འཁྲབ་སྟོན་འདི་གལ་ཆེ་དོན་ཆེ་རྩིས་ཏེ་ཐབས་ཤེས་བྱས་པ་ལྟར་ད་ཐེངས་འདི་ཙམ་ཞིག་ཕུལ་ཐུབ་པ་བྱུང་སོང་། འདི་གཅིག་ཞུ་འདོད་བྱུང་།
གཉིས་ནས་ང་ཚོས་ལྷ་མོའི་ཚོགས་པ་འདི་དག་གལ་ཆེ་རྩི་བཞིན་ཡོད་པ་ལྟར། གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་དང་མི་མང་གིས་ལྷ་མོའི་ཚོགས་པར་མཐུན་རྐྱེན་དང་ཡར་རྒྱས་གཏོང་ཆེད་མཐུན་འགྱུར་གནང་རོགས་ཞེས་བརྒྱུད་ལམ་འདི་བརྒྱུད་ནས་ཞུ་འདོད་བྱུང་། ཐེངས་འདིའི་ལྷ་མོ་འཁྲབ་སྟོན་གནང་མཁན་ཁོངས་སུ་མི་རབས་རྒན་པ་ཙམ་མ་ཟད་གཞོན་པ་ཡང་མང་པོ་འདུག གཞོན་པ་རྣམས་ཀྱིས་རིག་གཞུང་རྩ་ཆེན་འདི་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དེ་གལ་ཆེན་པོ་རྩིས་ཏེ་མཉམ་ཞུགས་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་། དེ་ནས་ཟློས་གར་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་གླིང་དཀྱིལ་བློ་བཟང་བསམ་གཏན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་བོད་ཀྱི་ཟློས་གར་ནས་བཀྲ་ཤིས་ལྷ་རྒྱལ་འཐེན་ཏེ་སྤྱི་ལོ་ ༢༠༡༥ ལོའི་ཞོ་སྟོན་རྒྱས་པ་ཐེངས་ ༢༠ མཛད་སྒོ་རྒྱལ་ཁའི་ངང་ནས་གྲོལ་ཡོད་པ་བཅས།།