༢༠༡༥ ཟླ་ ༤ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །འདི་གར་དཔལ་འབྱོར་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༥ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༩ ནས་ཚེས་ ༡༠ བར་ཉིན་གྲངས་གཉིས་རིང་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ Tibetan Entrepreneurship Development ཚན་པའི་འགན་འཛིན་དྲུང་ལས་བསྟན་འཛིན་མཁྱེན་རབ་ལགས་དང་འབྲེལ་ཡོད་ལས་བྱེད་བསྟན་འཛིན་སྟོབས་ཆེན་ལགས་གཉིས་རྒྱ་གར་གྱི་ཚོང་ལས་ཚོགས་ཆེན་སན་ཀ་ལབ་ Sankalp ནང་མཉམ་ཞུགས་གནང་བ་དང། དེའི་སྐབས་ཨེན་ཀྲེ་ལི་ཁེབ་ Intellecap ཐོག་མ་གསར་འཛུགས་གནང་མཁན་དང་ད་ལྟའི་སློབ་སྟོན་པ་སྐུ་ཞབས་ (Mr. Vineet Rai) མཆོག་དང་ཐུག་འཕྲད་གནང་ཡོད། རྒྱ་གར་གི་ཚོགས་པ་ཨེན་ཀྲེ་ལི་ཁེབ་ནས་ལོ་ལྟར་ཚོང་ལས་ཚོགས་ཆེན་སན་ཀ་ལབ་འདི་གོ་སྒྲིག་ཞུ་བཞིན་ཡོད་པ་དང། ཚོགས་ཆེན་འདིའི་དམིགས་ཡུལ་གཙོ་བོ་ནི་རྒྱ་གར་ནང་སྤྱི་ཚོགས་ལ་ཁེ་ཕན་ཡོང་ཆེད་ཚོང་ལས་སྒྲིག་འཛུགས་མང་པོ་ཞིག་མཉམ་རུབ་གཅིག་མཐུན་བྱེད་རྒྱུ་དང་ཚོང་པ་ནང་ཁུལ་འབྲེལ་བ་བྱེད་རྒྱུ་བཅས་རེད་འདུག། ད་ལམ་འདི་ག་སྡེ་ཚན་ནས་ད་བར་བོད་པའི་སྤྱི་ཚོགས་ནང་ཚོང་པ་གང་མང་ཞིག་གི་སྙན་ཞུ་ཕུལ་བ་གཞིར་ཟུང་འདེམས་སྒྲུབ་བྱུང་པའི་ཚོང་པ་བདུན་ལ་སྐྱེད་སྲིང་ཚོགས་པར་དམིགས་བསལ་ཚོང་འབྲེལ་སྦྱོང་བརྡར་སྤྲོད་བཞིན་པ་དང༌། དེའི་དམིགས་ཡུལ་གཙོ་བོ་ནི་མ་འོངས་པར་བོད་པའི་སྤྱི་ཚོགས་ནང་ཁེ་ལས་ཚོང་པ་གང་མང་སྐྲུན་ཐུབ་པ་བརྒྱུད་སྤྱི་ཚོགས་ནང་ན་གཞོན་ལས་མེད་ཀྱི་དཀའ་ངལ་མེད་པ་བཟོ་རྒྱུ་དང༌། དེ་བཞིན་བཙན་བྱོལ་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་སྟང་ཡར་རྒྱར་བཏང་ནས་རང་ཁ་རང་གསོ་ཡོང་ཐབས་བཅས་ཡིན། དེ་མཚུངས་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་སྡེ་ཚན་ལས་བྱེད་གཉིས་མཉམ་ཞུགས་གནང་དགོས་དོན་གཙོ་བོ་ནི་མ་འོངས་པར་ལས་གཞི་ཁག་ཡར་རྒྱས་གཏོང་ཐབས་སུ་ཚོང་པ་དང་ཚོགས་པ་སྙན་གྲགས་ཅན་ཁག་དང་མཉམ་དུ་འབྲེལ་བ་བཟོ་རྒྱུ་དང་ཚོང་འབྲེལ་ཁ་གསལ་ཡོང་ཆེད་ཡིན་འདུག