༢༠༡༥ ཟླ་ ༤ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །འདི་གར་ཏི་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༣༠ ཉིན་བཏང་གནས་ནང་འཁོད་དོན། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ཀྱིས་གཙོས་ཉེ་ཆར་ཕྱི་ཚེས་ ༢༥ ཉིན་བལ་ཡུལ་དང་། རྒྱ་གར་བྱང་ཤར་ས་ཁུལ། འབྲུག་ཡུལ། བོད་ཀྱི་ས་ཁུལ་ཁག་གཅིག་བཅས་ལ་ས་ཡོམ་གྱི་གནོད་པ་ལ་བརྟེན་གོད་ཆག་ཤུགས་ཆེ་བྱུང་བའི་ཁྲོད་འདས་གྲོངས་སུ་གྱུར་བ་རྣམས་ལ་མྱ་ངན་ཞུ་རྒྱུ་དང་། རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་། རྨས་སྐྱོན་ཕོག་པ་རྣམས་མགྱོགས་མྱུར་དྲག་སྐྱེད་ཡོང་སླད། ཏི་ཛུ་ས་གནས་སུ་ཕྱི་ཟླ་ ༤ ཚེས་ ༢༩ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་ཁུལ་དེར་རྟེན་གཞི་བྱས་པའི་ལྷ་དགོན་བྱང་ཆུབ་ཆོས་གླིང་གི་དབུ་འཛིན་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་དབུ་བཞུགས་ཐོག གཞིས་དགོན་གསུམ་གྱི་དགེ་འདུན་པ་རྣམས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་། གཞིས་གྲོང་སྤྱི་མི་ལྔ། གཞིས་ལས་ཁང་དང་མཉམ་འབྲེལ་གྱི་ལས་བྱེད། མི་མང་བཅས་ཁྱོན་མི་གྲངས་ ༢༠༠ བརྒལ་བ་དེ་གའི་༸རྒྱལ་བའི་ཕོ་བྲང་ནང་ལྷན་འཛོམས་ཐོག གཞིས་གྲོང་སྤྱི་མི་ལྔས་འགན་བཞེས་ཏེ་མཆོད་མེ་བརྒྱ་མཆོད་ཕུལ་བ་དང་སྦྲགས། བསྔོ་སྨོན་ཞབས་རིམ་ཁག་གསོག་སྒྲུབ་གནང་ཡོད་པ་བཅས།།
ཏི་ཛུ་དར་རྒྱས་གླིང་དུ་མཆོད་འབུལ་སྨོན་ལམ་ཚོགས་པ།
གསར་གནས།
འབྲེལ་གནས།