༢༠༡༥ ཟླ་ ༤ ཚེས་ ༡༠ རེས་གཟའ་པ་སངས།
༄༅། ། ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༩ ཉིན་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། བླ་ལྷའི་བཀའ་ལུང་དགོངས་དོན་བསྟན་སྲིད་བདེ་ཐབས་དང་བོད་འབངས་བསོད་ནམས་གསོག་སླད། བོད་མི་མི་རེ་ངོ་རེ་ནས་ཚེས་བཟང་དང་བསྟུན་མ་ཎི་ཡིག་དྲུག་ཁྲི་རེ་དྭང་བའི་ཐོག་ནས་གྲངས་གསོག་དགོས་པ་དང་། བོད་མི་འདུས་སྡོད་ས་ཁུལ་ཁག་ནས་ཟླ་རེའི་ཚེས་བཟང་དང་བསྟུན་བསངས་གསོལ་དང་སྐུ་རླུང་དར་འཛུགས། སྲུང་མ་དམར་ནག་གཉིས་དང་བོད་སྐྱོང་ལྷ་སྲུང་གི་འཕྲིན་བསྐུལ་མ་སྨད་བསོད་ནམས་འགྲོ་གང་ཆེ་གནད་སྨིན་འབད་སྒྲུབ་དགོས་པ་མ་ཟད། ད་ལོའི་དགུང་གསར་གཟབ་གསོལ་གནང་སྐབས་གཞུང་བསྟེན་གནས་ཆུང་ཆོས་རྒྱལ་ཆེན་པོས་བསྩལ་བའི་བཀའ་ལུང་ནང་། བོད་དོན་བདེན་མཐའ་མྱུར་གསལ་སླད་མཆོག་དམན་ཀུན་ནས་གཟུངས་སྔགས་ཡི་གེ་དྲུག་མ་འགྲོ་གང་ཆེ་འབད་གསོག་གནང་དགོས་འདུག་པར་བརྟེན། ད་ནས་བོད་ཟླ་བཞི་པ་ས་ག་ཟླ་བའི་བར་ཚེས་བཟང་ནམ་ཡིན་ལ་གོང་གསལ་རིམ་གྲོ་རྣམས་འབད་བསྒྲུབས་ཀྱིས་གྲུབ་ཐོ་གཙང་གསལ་ཉ་ཉུང་མཉམ་བསྲེས་མེད་པར་ཟུར་སྦྱར་ལམ་སྟོན་གཞིར་བཟུང་བོད་རྒྱལ་ལོ་ ༢༡༤༢ ཟླ་ ༥ ཚེས་ ༡༥ ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢ ནང་ཚུད་འདི་ག་ཆོས་རིག་ལས་ཁུངས་སུ་ངེས་འབུལ་ཡོང་བ་དེ་དོན་དགོངས་འཇགས་ཞུ།