༢༠༡༥ ཟླ་ ༤ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོང་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་དུ་(NCERT) བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག ཟབ་སྦྱོང་ཁག་གཉིས་གོ་སྒྲིག་གནང་འདུག དང་པོ་ནི་གཞི་རིམ་འོག་མའི་དགེ་རྒན་གྲངས་ ༤༥ ལ་བྱིས་པ་གསོ་སྐྱོང་དང་ཤེས་ཡོན་སྤྲོད་སྟངས་སྐོར་ཟབ་སྦྱོང་གནང་ཡོད་པ་དང་། གཉིས་པ་དེ་ནི་གཞི་རིམ་བར་མའི་ཚན་རིག་སློབ་དགེ་གྲངས་ ༢༠ ལ་ཚན་རིག་སློབ་ཚན་སློབ་ཁྲིད་གནང་སྟངས་སྐོར་ཡིན་འདུག དེ་ཡང་ཟབ་སྦྱོང་དེ་དག་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༨ འགོ་འཛུགས་གནང་ནས་ཕྱི་ཚེས་ ༢༨ ཉིན་མཇུག་སྒྲིལ་གནང་རྒྱུ་ཡིན་འདུག དེ་ཡང་སློབ་དགེ་རྣམས་ནི་སམ་བྷོ་ཊ་དང་བོད་ཁྱིམ་སློབ་གྲྭ སེར་བྱེས་སློབ་གྲྭ འབྲས་སྤུངས་བློ་གསལ་གླིང་སློབ་གྲྭ་སོགས་ནས་ཡིན་འདུག འབྱུང་འགྱུར་ཟླ་བའི་ནང་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོང་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་གིས་གོ་སྒྲིག་འོག་ཟབ་སྦྱོང་ཐེངས་གསུམ་གོ་སྒྲིག་གནང་རྒྱུ་ཡིན་འདུག ཐེངས་འདིའི་ཟབ་སྦྱོང་དེ་དག་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུ་དགོས་དོན་གཙོ་བོ་ནི་བོད་མིའི་སློབ་དགེ་རྣམས་ཀྱི་སློབ་ཁྲིད་བྱེད་སྟངས་ཀྱི་ཐབས་ལམ་སྔར་ལས་ཡར་རྒྱས་གོང་འཕེལ་གཏོང་ཆེད་ཡིན་འདུག་པ་དང་། ཟབ་སྦྱོང་གི་དཔལ་འབྱོར་མཐུན་འགྱུར་གནང་མཁན་ཁེ་ན་ཌའི་ Canada ལས་གཞི་ཚན་པ་ CIDA ཡིན་འདུག