༢༠༡༥ ཟླ་ ༤ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༦ རེས་གཟའ་ཕུར་བུའི་ཞོགས་པ། ཕ་ཚེ་འདས་གནས་མོ་དང་། མ་ཚེ་འདས་དཀར་སྐྲིས་ལགས་གཉིས་ཀྱི་བུ་རང་ལོ་ ༤༥ སོན་པ་གནས་སྐྱབས་སམ་དམ་དཀར་ལགས་ཀྱིས་ཨ་མདོ་རྔ་པ་རྫོང་མཐའ་བ་གོང་མའི་བཞུགས་གནས་སུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག གཞིས་རྩའི་ཁོང་ཨ་མདོ་རྔ་པ་ཨ་འདུས་ཡུལ་ཚོ་ནས་ཡིན་འདུག་པ་དང་། ཁོང་ལ་ཕྲུ་གུ་བདུན་ཡོད་ཅིང་། ཕྲུ་གུ་ཆེ་ཤོས་དེ་རང་ལོ་ ༢༡ དང་། ཆུང་ཤོས་དེ་རང་ལོ་ ༧ ལ་སོན་ཡོད་འདུག
ཁོང་གིས་རང་ལུས་མེར་སྲེག་མ་གནང་གོང་ཀིརྟི་དགོན་པར་མཆོད་མཇལ་དུ་ཕེབས་ཡོད་འདུག་པ་མ་ཟད། རང་ལུས་མེར་སྲེག་མ་གནང་ཙམ་གྱི་གོང་༸གོང་ས་མཆོག་གི་སྐུ་པར་དང་། པཎ་ཆེན་རིན་པོ་ཆེའི་སྐུ་པར། ནང་མི་བུ་ཕྲུག་གི་འདྲ་པར་སོགས་བཤམས་སྟེ་མེ་ཏོག་དང་མཆོད་རྫས་ཀྱི་མཆོད་འབུལ་ཡང་གནང་ཡོད་འདུག ཁོང་གིས་རང་ལུས་མེར་སྲེག་གནང་སྐབས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། པཎ་ཆེན་རིན་པོ་ཆེ་བཙོན་ནས་མཐར་དགོས། ཞེས་སྐད་འབོད་གནང་ཡོད་འདུག
ལོ་གཅིག་ཙམ་གོང་ཁོང་གིས་བོད་མི་རང་ལུས་མེར་སྲེག་བཏང་མཁན་རྣམས་ལ་རྗེས་སུ་ཡི་རང་མཚོན་ཆེད་བོད་མི་ནང་ཁུལ་ལ་ནང་འཛིང་མི་བྱ་རྒྱུའི་ཡོངས་གྲགས་དམ་བཅའ་བཞག་པ་ལ་བརྟེན་ནས་ས་གནས་བོད་མིའི་ཁྲོད་གཟེངས་རྟགས་ཀྱང་ཐོབ་མྱོང་ཡོད་འདུག ཁོང་ནི་རང་ལུས་མེར་སྲེག་གནང་མཁན་ ༡༣༨ པ་དེ་ཆགས་ཡོད་འདུག