༢༠༡༥ ཟླ་ ༤ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༣༠ ཉིན་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཚེ་རིང་དོན་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༠ ནས་ཟླ་ ༤ ཚེས་ ༢༣ བར་འབྲས་ལྗོངས་ལྷོ་ཕྱོགས་ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ལས་དོན་རྟོག་ཞིབ་དང་གཟིགས་སྐོར་སླད་ཕྱོགས་ཕེབས་གནང་སྟེ། ཕྱི་ཚེས་ ༢༡ ཉིན་ས་གནས་ཁྲིམས་ཞིབ་ཁང་གི་ཁང་ཁུངས་ལ་གཟིགས་ཞིབ་དང་སྦྲགས། ལས་བྱེད་འཛིན་སྐྱོང་ཚོགས་འདུ་བསྡུ་བསྐོངས་གནང་སྟེ། ཁྲིམས་ཞིབ་ལྷན་ཚོགས་སུ་གཏན་འབེབས་གནང་བའི་ས་གནས་ཁྲིམས་ཞིབ་ཁང་ཁག་གི་ལས་དོན་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་ངོ་སྤྲོད་འགྲེལ་བཤད་དང་། ཤར་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དོན་དང་འཛིན་སྐྱོང་བྱེད་སྒོར་ཞིབ་འཇུག་གནང་སྟེ། སྐབས་མཚམས་སོ་སོར་བྱེད་སྒོའི་ལམ་སྟོན་གནང་ཡོད། སྔ་དགོང་ལས་ཞོར་དུ་དགོན་ཁག་གཉིས་ལ་མཆོད་མཇལ་དང་། ལས་གྲྭ་ཁག་དང་ས་གནས་ཉིན་སློབ་ལ་ལྟ་སྐོར། གཞན་ཡང་ཉེ་འདབས་ས་ཁུལ་ལ་གནས་གཟིགས་གདན་ཞུ་གནང་བ་བཅས་བྱུང་འདུག
ཕྱི་ཚེས་ ༢༢ ཞོགས་པ་ཆུ་ཚོད་ ༡༠།༠༠ ནས་ ༡༢ བར་ས་གནས་ནས་གོ་སྒྲིག་ཞུས་པ་ལྟར། ཀུན་ཕན་གླིང་གཞིས་ཆགས་ཚོགས་ཁང་དུ་ས་གནས་ཀྱི་ལས་སྣེ་རྣམ་པ་དང་། སེར་སྐྱ་མང་ཚོགས་བཅས་པར་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་སོགས་སྐོར་གསུང་བཤད་ངོ་སྤྲོད་གནང་སྟེ། ཕྱི་ཚེས་ ༢༣ ཉིན་བཞུགས་སྒར་དུ་བདེ་འབྱོར་བྱུང་འདུག