༢༠༡༥ ཟླ་ ༤ ཚེས་ ༣ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ནང་སྲིད་ལས་ཁུངས་བརྒྱུད་རྒྱ་གར་ཇམ་མུ་ཀ་ཤི་མིར་མངའ་སྡེའི་ས་ཁུལ་ཁག་གཅིག་ནང་ཆུ་ལོག་གི་གོད་ཆག་ཚབས་ཆེ་ཕོག་པར་བོད་མིའི་སྒྲིག་འཛུགས་ངོས་ནས་ཧིན་སྒོར་འབུམ་ལྔ་ངལ་སེལ་རོགས་དངུལ་ཆེད་གནང་འདུག སྤྱིར་ས་ཁུལ་དེ་དག་ཏུ་སྔ་ལོར་ཡང་ཆུ་ལོག་གི་གོད་ཆག་ཚབས་ཆེ་ཕོག་ནས་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཧ་ཅང་བཟོས་འདུག་པ་མ་ཟད། བར་ལམ་སླར་ཡང་ཆར་ཞོད་ཆེ་བ་སོགས་ཀྱིས་ས་ཁུལ་དེ་དག་ཏུ་ཆུ་ལོག་གི་གོད་ཆག་འོག་མི་གྲངས་བརྒྱ་ཕྲག་མང་པོ་རང་གི་སྡོད་ཁང་ནས་སྐམ་སར་བྲོས་འགྲོ་དགོས་ཐུག་པ་དང་། ས་ཁུལ་ཁག་གཅིག་ནང་ཆར་ཞོད་ཀྱིས་ས་ཆ་རླན་བཤེར་ཆེ་བས་ས་རུད་ཀྱང་བྱུང་འདུག