༢༠༡༥ ཟླ་ ༤ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ཁུལ་གྱི་མཛད་འཕྲིན་ཁག་ཡོངས་སུ་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད། དེ་ཡང་མགོན་པོ་གང་ཉིད་མཆོག་གིས་ཕྱི་ཚེས་ ༡༤ ཉིན་ཉི་ཧོང་དུ་བོད་རིགས་དང་ཐེ་ཝན་མི་མང་ ༡༠༠༠ བརྒལ་བར་ལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག དེ་ཡང་ཐོག་མར་༸གོང་ས་མཆོག་གིས་བོད་རིགས་ཚོར་བཀའ་སློབ་སྩལ་དོན། གཞན་དོན་བྱ་རྒྱུ་འདི་ང་ཚོའི་ནང་ཆོས་ཉམས་ལེན་ནང་གསུང་བཞིན་ཡོད། དེང་སྐབས་འཛམ་གླིང་ས་ཕྱོགས་གང་སར་བོད་ཀྱི་རིག་གཞུང་ལ་དགའ་མོས་ཆེན་པོ་བྱེད་བཞིན་ཡོད། དེར་བརྟེན་བོད་མི་རང་གིས་སོ་སོའི་རིག་གཞུང་བདག་གཅེས་མ་ཐུབ་པ་ཡིན་ན་ངོ་ཚ་དགོས་པ་ཞིག་ཆགས་རྒྱུ་རེད། ངོས་རང་ཕྱི་རྒྱལ་ཁག་ཏུ་བསྐྱོད་སྐབས་བོད་མི་ཚོ་སེམས་པ་བཟང་པོ་ཡོད། ཅེས་བརྗོད་ཀྱི་ཡོད། གལ་ཏེ་བོད་མི་ཚོས་ནང་ཁུལ་འཁྲུག་པ་བརྒྱབ་པ་དང་མི་གསོད་པ་སོགས་བྱས་ན་ཞབས་འདྲེན་རེད། བོད་མི་ཡོད་པ་རྣམས་རུག་རུག་བྱས་ཏེ་ཕན་ཚུན་ལས་དོན་སྐོར་གོ་བསྡུར་བྱས་ནས་སྐྱོན་དང་ཞེན་ཆ་ཡོད་པ་རྣམས་ལྷག་བསམ་རྣམ་དག་ཐོག་ནས་གསལ་བཏོན་གྱིས་ཡར་རྒྱས་གཏོང་ཐབས་བྱེད་དགོས། བོད་ནང་གཞིས་ལུས་བོད་མི་ཚོས་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས་ལ་མཚོན་ན། ང་ཚོས་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཐོག་འབད་བརྩོན་ཡོད་དགུ་རྩལ་སྤྲུག་བྱེད་བཞིན་ཡོད་ཀྱང་ནུས་པ་དེ་ཙམ་མ་ཐོན་སྟབས། རྒྱལ་སྤྱིའི་རྒྱབ་སྐྱོར་དགོས་ཀྱི་ཡོད། འགྱུར་བ་འགྲོ་དགོས་པ་ཞིག་ཏན་ཏན་རེད། འགྱུར་བ་མ་འགྲོ་ཐབས་མེད་རེད། སྔ་ཕྱི་མ་གཏོགས་ཕྱི་གསལ་ནང་གསལ་མ་བྱེད་པར་གཡོལ་ཐབས་རྩ་བ་ནས་མེད། རྒྱ་ནག་དབང་འཛིན་པ་ཚོས་བོད་མི་རྣམས་ལ་དྲག་གནོན་ཁོ་ན་བྱས་ནས་བོད་མིའི་ཐུན་མིན་རིག་གཞུང་རྩ་མེད་བཟོ་ཐབས་བྱས་དང་བྱེད་མུས་ཡིན་ནའང་བོད་མིའི་རིག་གཞུང་ཚགས་ཚུད་ཐག་ཆོད་བྱས་ནས་འཚོ་གནས་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་ནམ་ཞིག་བོད་མིའི་མངོན་འདོད་ངོ་མ་གང་ཡིན་པ་དེར་བསམ་ཤེས་བྱས་པ་ཡིན་ན་དཀའ་ངལ་སེལ་ཐུབ་རྒྱུ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
དེ་རྗེས་༸གོང་ས་མཆོག་གིས་ཐེ་ཝེན་མི་མང་ ༡༠༠༠ བརྒལ་བར་ནང་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་བྱེད་དགོས་སྐོར་བཀའ་སློབ་སྩལ་དོན། ངོས་རང་ད་ཆ་མི་ལོ་ ༨༠ བསླེབས་ཡོད། ད་དུང་ཡང་ངོས་ཀྱི་དཔལ་ན་ལེཎྜའི་མཁས་པའི་མཛད་པའི་གཞུང་ལུགས་རྣམས་ལ་སློབ་སྦྱོང་བྱེད་ཀྱི་ཡོད། ཁྱེད་ཚོས་ཀྱང་དེ་ལྟར་གནང་རོགས་ཞེས་ངོས་ཀྱིས་དྲན་སྐུལ་གཏོང་རྒྱུ་ཡིན། དེང་སྐབས་དུས་རབས་ ༢༡ ནང་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་གཏོང་རྒྱུ་དེ་ཁོ་ན་གལ་ཆེན་པོ་ཞིག་མིན། འཛམ་གླིང་ས་ཕྱོགས་གང་སར་ནང་སེམས་བརྒྱུད་དང་འབྲེལ་བའི་བཟང་སྤྱོད་ཀྱིས་མ་འདང་པའི་དཀའ་ངལ་ཞིག་འཕྲད་བཞིན་ཡོད། མིའི་བསམ་བློའི་ནང་ཆགས་སྡང་གི་གཞན་དབང་ཁོ་ནས་རྙོག་གྲྭ་མང་པོ་བཟོ་བཞིན་ཡོད། དེར་བརྟེན་བྱམས་བརྩེ་ལྡན་ཞིང་བློ་སྤོབས་ལྡན་པའི་མི་བཟང་པོ་ཞིག་ཆགས་ཐབས་བྱེད་དགོས། ཁྱེད་ཚོ་མང་ཆེ་བས་ཉིན་ལྟར་ཤེས་རབ་སྙིང་པོ་འདོན་བཞིན་ཡོད། ཁ་ནས་བཏོན་པ་གཅིག་པུས་མི་འགྲིག ནང་དོན་ཤེས་པ་བྱེད་དགོས། ངོས་ཀྱིས་དུས་རབས་ ༢༡ པའི་ནང་པ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་བརྗོད་ཀྱི་ཡོད། ཕ་མེས་ལ་གཞི་བཅོལ་ནས་ཆོས་ལ་དད་པ་བྱས་ན་ངོ་མཚར་སྐྱེ་རྒྱུ་གང་ཡང་མེད། རྒྱུ་མཚན་ཤེས་ནས་དད་པ་ཐོབ་པ་ཞིག་བྱེད་དགོས། དེ་ལྟར་བྱུང་ན་ང་ཚོས་མ་རིགས་རྨོངས་པའི་བློ་དེ་དག་སེལ་ནས་སེམས་བརྒྱུད་དུལ་ཐུབ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ། དེ་རྗེས་༸གོང་ས་མཆོག་རྒྱལ་ས་ཊོཀ་ཁྱོའི་ན་རི་ཏའི་རྒྱལ་སྤྱིའི་གནམ་ཐང་ནས་རྒྱ་གར་རྒྱལ་ས་ལྡི་ལི་བརྒྱུད་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་ཐེངས་འདིར་༸གོང་ས་མཆོག་གིས་ཉི་ཧོང་དུ་བདུན་ཕྲག་གཉིས་རིང་ཚན་རིག་པ་དང་ཆབ་སྲིད་མི་སྣ། སྨན་པ། ནང་པའི་དད་ལྡན་པ། སློབ་ཕྲུག དེ་བཞིན་མང་ཚོགས་བཅས་ལ་མཇལ་ཁ་དང་བཀའ་སློབ་གཟབ་རྒྱས་སྩལ་ནས་རེ་ཞིག་ཉི་ཧོང་ཁུལ་གྱི་མཛད་འཕྲིན་ལེགས་པར་མཇུག་སྒྲིལ་མཛད་འདུག