༢༠༡༥ ཟླ་ ༤ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོ་ནས་མེ་འཁོར་བརྒྱུད་ན་གྷོ་ཡ་ Nagoya གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཨ་ཡེ་ཅི་ག་ཀུན་གཙུག་ལག་སློབ་གྲྭར་ Aichi Gakuin University ཆིབས་སྒྱུར་བསྐྱངས་ནས་ཁུལ་དེར་༸ཞབས་སོར་འཁོད་མཚམས། འབྲེལ་ཡོད་དགེ་ལས་སློབ་ཕྲུག་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་རྗེས་སློབ་གྲྭའི་དགེ་ལས་རྣམས་དང་ཉིན་དགུང་ལྗགས་སྨིན་ལྷན་བཞེས་མཛད། དེ་རྗེས་༸གོང་ས་མཆོག་གིས་གཙུག་ལག་སློབ་གྲྭའི་ཚོགས་ཁང་དུ་་སློབ་ཕྲུག་གྲངས་ ༣༢༠༠ བརྒལ་བར་་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདིར་ལང་ཚོ་རྒྱས་བཞིན་པའི་གཞོན་སྐྱེས་ཕོ་མོ་ཁྱེད་རྣམས་དང་ཐུག་ནས་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བ་ཧ་ཅང་ཆེ་མཐོང་ཆེན་པོ་ཐོབ་པའི་ཚོར་བ་ཞིག་བྱུང་། ཁྱེད་ཚོ་ངོས་དང་མི་འདྲ་བར་མི་ཚེ་བསྐྱལ་བ་ལས་བསྐྱལ་རྒྱུ་མང་བ་ཡོད། འདས་པ་ནི་ཡོལ་ཟིན་སྟབས་དེར་བཅོས་རྒྱུ་གང་ཡང་མེད། འོན་ཀྱང་མ་འོངས་པ་དེ་འབྱུང་རྒྱུ་ཡིན་སྟབས་བཟོ་ལྟ་ཇི་འདྲ་བཟོ་མིན་ང་ཚོའི་ལག་ཏུ་ཡོད།
དེར་བརྟེན་ང་ཚོར་རང་ཉིད་ཀྱི་མི་ཚེ་ཙམ་མ་ཟད། སྤྱི་ཚོགས་དང་རྒྱལ་ཁབ། དེ་བཞིན་ཆེ་ས་ནས་འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་རྒྱུའི་གོ་སྐབས་དང་ལས་འགན་གཉིས་ཀ་ཡོད། ངོས་ཀྱིས་གཏམ་བཤད་ནམ་བྱེད་སྐབས་ངོས་རང་ཚོགས་བཅར་བ་ཁྱེད་ཚོ་ལུས་སེམས་དང་། སེམས་ཚོར་གང་གི་ཆ་ནས་འགྲོ་བ་མི་རིགས་གཅིག་མཚུངས་ཤིག་ཡིན་བསམས་པ་དྲན་གྱི་འདུག ང་ཚོ་ཚང་མས་བདེ་བ་འདོད་པ་ལྟར་བདེ་བ་དེ་བསྒྲུབ་རྒྱུའི་ཐོབ་ཐང་ཡང་ཚང་མར་གཅིག་མཚུངས་སུ་ཡོད། ང་ཚོ་ཚང་མ་ཐོག་མར་བཙས་སྟངས་དང་མཐར་འཆི་སྟངས་གཅིག་པ་རེད། དེང་སྐབས་སྤྱི་ཚོགས་ཀྱི་གནས་སྟངས་ནི་སྔ་མོ་ནང་བཞིན་ང་ཚོ་དང་ཁྱེད་ཚོ། ཟེར་ནས་ས་མཚམས་བཅད་ནས་འགྲོ་རྒྱུའི་དུས་ཚོད་ད་ཆ་ཡོལ་ཟིན། ང་ཚོས་འདོད་ཀྱང་རུང་མ་འདོད་ཀྱང་རུང་དེང་སྐབས་ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་ནས་འཚོ་གནས་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་པ་ནི་དངོས་ཡོད་གཅིག་རེད། དཔལ་འབྱོར་ཡིན་ནའང་འདྲ། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཡིན་ནའང་འདྲ། གནད་དོན་དེ་དག་ང་ཚོ་ཚང་མས་གདོང་ལེན་བྱེད་དགོས་པ་ཆགས་ཡོད། ང་ཚོས་ངོ་མདོང་གི་གནས་ཚུལ་རྐྱང་པ་ལས་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་བརྩིས་མེད་བཏང་བར་བརྟེན། དངོས་ཡོད་གནས་ཚུལ་དང་རང་གི་བསམ་ཚོད་གཉིས་དབར་བར་ཁྱད་ཆེན་པོ་ཞིག་ཡོང་གི་ཡོད། དེར་བརྟེན་མི་འདོད་བཞིན་དུ་དཀའ་ངལ་དང་རྙོག་གྲྭ་ང་ཚོ་རང་ཉིད་ཀྱིས་བཟོ་བཞིན་ཡོད། ཁྱེད་ཚོ་ཉི་ཧོང་པ་ཚོས་ཉི་ཧོང་གི་གླིང་ཕྲན་ཁུལ་ཙམ་མིན་པར་ཨེ་ཤི་དང་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་བདེ་ཐབས་ལ་སྨན་པའི་ཞབས་འདེགས་བསྒྲུབ་རྒྱུའི་ནུས་པ་ཡོད་སྟབས་ངེས་པར་དུ་རྒྱ་ཆེ་ས་ནས་བསམ་བློ་གཏོང་རོགས།
ཞེས་བཀའ་སློབ་སྩལ་རྗེས་༸གོང་ས་མཆོག་གིས་སྐུ་ཚེའི་མཛད་འགན་གསུམ་གྱི་སྐོར་བཀའ་སློབ་སྩལ་དོན། ངོས་ཀྱི་མིའི་སེམས་བརྒྱུད་དང་འབྲེལ་བའི་ནང་གི་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་བཏང་ནས་བདེ་སྐྱིད་སྐྲུན་ཐབས་བྱེད་རྒྱུ་འདིར་རྒྱུ་མཚན་གཙོ་བོ་གསུམ་ཡོད། དང་པོ་འདི། བྱམས་པ་དང་བརྩེ་བ་ནི་ང་ཚོ་ཐོག་མར་མ་ལས་བཙས་སྐབས་མས་སར་ནས་ཉམས་མྱོང་བྱུང་ཡོད། གཉིས་ནས་ཁྱིམ་ཚང་ཧ་ཅང་འབྱོར་ལྡན་ཡིན་ཡང་ཁྱིམ་ཚང་ནང་གཅིག་གིས་གཅིག་ལ་བྱམས་བརྩེའི་འདུ་ཤེས་དང་སེམས་ཐག་ཉེ་བོ་མེད་ན་བདེ་སྐྱིད་མེད། གསུམ་པ་ནི། དེང་སྐབས་ཚན་རིག་པ་ཚོས་ཀྱང་བདེ་སྐྱིད་ཀྱི་རྩ་བ་ནི་སེམས་ཞི་བདེ་བག་ཕེབས་ཡོད་པ་དེ་ཡིན་པ་ར་སྤྲོད་བྱུང་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ། མཐར་གཙུག་ལག་སློབ་གྲྭའི་གཙོ་འཛིན་སྐུ་ཞབས་ཨི་སོ་ཇོ་ས་ཏོ་ Etsujyo Sato ལགས་ཀྱིས་༸གོང་ས་མཆོག་ལ་ཕྱག་རྟགས་ཤིག་འབུལ་ལམ་ཞུས། དེ་ཡང་གཙུག་ལག་སློབ་གྲྭ་དེའི་བྱུང་རབས་ལོ་རྒྱུས་ལྟར་ན་ཐོག་མར་ཕྱི་ལོ་ ༡༨༧༦ ལོར་སོ་ཏོ་ཛེན་ Soto Zen ཆོས་ལུགས་སློབ་གཉེར་ཁང་གི་ངོ་བོར་གསར་འཛུགས་གནང་བ་ཞིག་ཡིན་འདུག་པ་དང་། ད་ལྟའི་འཆར་གཙུག་ལག་སློབ་གྲྭ་དེས་སློབ་མ་ཁྱོན་ ༥༠༠༠༠ ཙམ་ལ་བཟང་སྤྱོད་དང་འབྲེལ་བའི་ཤེས་ཡོན་སློབ་གསོ་སྤྲོད་བཞིན་འདུག ཕྱི་ཚེས་ ༨ ཉིན་༸གོང་ས་མཆོག་གིས་གི་ཕུ་གྲོང་ཁྱེར་ Gifu དུ་རྟེན་གཞི་བྱས་པའི་ཉི་ཧོང་སོ་ཏོ་གཞོན་སྐྱེས་མཐུན་ཚོགས་ All Japan Soto Young Priest Associationབཙུགས་ནས་ལོ་ངོ་ ༤༠ འཁོར་བའི་མཛད་སྒོར་བཀའ་སློབ་སྩལ་རྒྱུ་ཡིན་འདུག