༢༠༡༥ ཟླ་ ༤ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་ནང་ Tokyo རྟེན་གཞི་བྱས་པའི་སྨན་པའི་ལྷན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཆིབས་སྒྱུར་བསྐྱངས་ནས་བཀའ་སློབ་སྩལ་འདུག དེ་ཡང་མགོན་པོ་གང་ཉིད་མཆོག་དེ་ཉིན་སྔ་དྲོ་ཉི་ཧོང་གི་གྲོང་ཁྱེར་ས་པོར་རོ་ནས་ཕྱིར་རྒྱལ་ས་ཊོཀ་ཁྱོའི་ནང་༸ཞབས་སོར་འཁོད་བསྟུན། ཕྱེད་ཡོལ་དུ་ཉི་ཧོང་སྨན་པའི་ལྷན་ཚོགས་ཀྱི་ཚོགས་ཁང་དུ་ Japan Doctors Association Hall ཆིབས་སྒྱུར་བསྐྱངས་ནས་དེར་འདུས་སྨན་པ་ ༥༠༠ ཙམ་མ་ཟད། ཉི་ཧོང་ཡུལ་གྱི་མི་གྲངས་ ༡༦༦༠༠༠ ལྷག་གིས་ཐད་ཀར་དྲ་ལམ་བརྒྱུད་ནས་བཀའ་སློབ་གསན་གཟིགས་གནང་འདུག སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། གོང་དུ་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་ངོས་རང་བྱང་ཆུབ་སེམས་པ་རེད། ཅེས་གསུངས་པ་རེད། འོན་ཀྱང་ངོས་རང་འགྲོ་བ་མི་གཅིག་ཡིན་བསམས་བཞིན་ཡོད། དེར་བརྟེན་དེ་རིང་འདིར་སྨན་པ་ཚོ་དང་མཇལ་རྒྱུ་བྱུང་བ་ཧ་ཅང་དགའ་པོ་བྱུང་། སྤྱིར་སྟངས་གཞན་ལ་ཕན་པའི་ལས་ཀ་འདྲ་མིན་མང་པོ་ཞིག་ཡོད་ཀྱང་། སྨན་པ་དང་སྨན་ཞབས་པས་ལས་ཀ་ནི་གཞན་ལ་མི་ཚེ་གསར་པ་ཞིག་སྦྱིན་བཞིན་ཡོད། མི་སུ་འདྲ་ཞིག་སྨན་ཁང་དུ་བསླེབས་སྐབས་སྤྲོ་སྐྱིད་གཏོང་ཆེད་ཡོང་གི་མ་རེད། ཁོང་ཚོར་དཀའ་ངལ་ཞིག་འཕྲད་པར་བརྟེན་སྨན་ཁང་དུ་ཡོང་གི་ཡོད།
དེར་བརྟེན་ཁྱེད་ཚོ་སྨན་པ་དང་སྨན་ཞབས་པ་ཚོས་ཁོང་ཚོའི་མི་ཚེའི་ནང་རེ་བ་གསར་པ་ཞིག་སྦྱིན་བཞིན་ཡོད། སྤྱིར་འཛམ་གླིང་འདིའི་ནང་ལོ་ངོ་སྟོང་ཕྲག་མང་པོའི་རིང་ནས་དར་བའི་སྨན་གི་གཞུང་ལུགས་མང་པོ་ཞིག་ཡོད། བོད་པའི་སྨན་གཞུང་ལྟ་བུར་མཚོན་ན། དུས་རབས་ ༨ ནང་བོད་ཀྱི་རྒྱལ་ས་ལྷ་སར་ཆོས་རྒྱལ་དབུ་ཞུགས་ཐོག་རྒྱལ་སྤྱིའི་སྨན་པའི་ལྷན་ཚོགས་བཀོང་ཚོགས་གནང་ཡོད། སྐབས་དེར་པར་ཤི་ཡ་ Persia དང་ཨབ་གྷ་ནི་སི་ཏན་ Afghanistan ནས་ཡུ་ནཱ་ནི་ Yunani སྨན་གཞུང་གི་སྐུ་ཚབ་མཉམ་ཞུགས་གནང་ཡོད་པ་མ་ཟད། རྒྱ་གར་ཚེ་ཡི་རིགས་འབྱེད་ Ayurveda ཀྱི་སྐུ་ཚབ་དང་། བོད་དང་རྒྱ་ནག་བཅས་ཀྱི་སྨན་གཞུང་སོ
་སོའི་སྐུ་ཚབ་ཕེབས་འདུག དུས་སྐབས་དེ་ནས་རིམ་བཞིན་དེང་དུས་བོད་ཀྱི་གསོ་བ་རིག་པ་དར་ཁྱབ་བྱུང་བ་ལྟ་བུ་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་མུ་མཐུད་བཀའ་སློབ་སྩལ་དོན།
ངོས་རང་ད་ལྟ་འཚོ་བཞིན་པའི་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་ཁོངས་ནས་མི་གཅིག་ཡིན་པ་དང་། ང་ཚོ་ཚང་མ་ལུས་སེམས་དང་། སེམས་ཚོར་གང་གི་ཆ་ནས་འགྲོ་བ་མིའི་འདུ་ཤེས་འཛིན་མཁན་གཅིག་མཚུངས་ཤིག་དང་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་པ་ཡིན། ང་ཚོར་དཀའ་ངལ་མི་འདོད་བཞིན་དུ་དཀའ་ངལ་མང་པོ་གཅིག་འཕྲད་བཞིན་ཡོད་པ་ནི་གཙོ་བོ་མིས་བཟོས་པ་རེད། ང་ཚོས་ཕྱོགས་ཡོངས་ནས་ང་ཚོ་ཚང་མ་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུའི་ཚབ་ཏུ་ང་དང་ཁྱོད། ང་ཚོ་དང་ཁོ་པ་ཚོ། ཞེས་ཕན་ཚུན་བར་ཁྱད་ཀྱི་བསམ་བློ་ཤུགས་ཆེར་འཛིན་པ་དེ་ལས་དཀའ་ངལ་དང་རྙོག་གྲ་མང་པོ་ཞིག་འཕྲད་བཞིན་ཡོད། ང་ཚོ་ཚང་མ་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་པའི་སེམས་ཅན་ཞིག་ཡིན། ང་ཚོར་གཞན་ལ་བྱམས་བརྩེ་སྤེལ་རྒྱུའི་ནུས་པ་ལྡན་ཡོད།
འོན་ཀྱང་ང་ཚོས་བྱམས་བརྩེ་སྤེལ་རྒྱུའི་ཚབ་ཏུ་ཞན་ཡལ་བར་དོར། རང་གཅེས་པར་འཛིན་ནས་རང་རྒྱལ་གཞན་ཕམ་གྱི་འདུ་ཤེས་འཛིན་པ་དེས་དཀའ་ངལ་བཟོ་བཞིན་ཡོད། ང་ཚོའི་དབར་རྒྱལ་ཁབ་དང་མི་རིགས། ཆོས་ལུགས་སོགས་མི་འདྲ་བའི་ཁྱད་པར་ཕྲན་བུ་ཡོད་པ་དེ་དག་རིམ་པ་གཉིས་པའི་གནས་སྟངས་ཤིག་ཡིན། རིམ་པ་དང་པོ་དེ་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་ཡིན། གནའ་དུས་སྐབས་ཀྱི་སྤྱི་ཚོགས་གནས་སྟངས་ལ་གཞིག་སྐབས་ཕན་ཚུན་དེ་ཙམ་གཅིག་གི་ལ་གཅིག་མ་ལྟོས་པར་རང་ཁ་རང་གསོ་ལྟ་བུ་བྱས་ནས་བསྡད་པ་བྱུང་ཡོད་ཀྱང་། དེང་སྐབས་སྤྱི་ཚོགས་ཀྱི་གནས་སྟངས་ནི་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས་པ་ཆགས་ཡོད། དེར་བརྟེན་དེང་སྐབས་རང་གི་ཁྱིམ་མཚེས་ལ་ཕམ་ཉེས་བྱུང་ན་རང་ཉིད་ལའང་ཕམ་ཉེས་ཡོང་རྒྱུ་རེད། གལ་ཏེ་ང་ཚོས་འགྲོ་བ་མི་རིགས་ཐེར་འབུམ་བདུན་གྱི་བདེ་སྡུག་དེ་སོ་སོའི་བདེ་སྡུག་དང་འབྲེལ་བ་ཡོད་པ་ཤེས་ནས་དེར་བསམས་ཤེས་བྱེད་ཐུབ་ཚེ་སོ་སོའི་རང་དོན་དེ་ཞོར་ལ་བསྒྲུབ་ཐུབ་རྒྱུ་རེད། དཔེར་ན་སྨན་ཁང་ནང་དུ་སྨན་པ་བསྟེན་གཏུག་བྱེད་སྐབས་སྨན་པ་ཚོས་ནད་པ་དེར་ཆོས་ལུགས་དང་རྒྱལ་ཁབ་སོགས་རྒྱབ་ལྗོངས་གང་ཡིན་ཀད་ཆ་མ་དྲིས་པར་མི་ཞིག་སྨན་བཅོས་བྱེད་དུ་ཡོང་བར་ངོས་འཛིན་བྱས་ནས་སྨན་བཅོས་བྱེད་ཀྱི་ཡོད། འདུ་ཤེས་འདི་ནི་ང་ཚོ་ཚང་མའི་རྒྱུད་ལ་ཡོད་པའི་བྱམས་བརྩེའི་ས་བོན་གྱི་འདུ་ཤེས་ཤིག་རེད། ཕྱོགས་ལྷུང་སྤངས་པའི་འདུ་ཤེས་དེ་གོང་མཐོར་གཏོང་རྒྱུ་དེ་ངོས་ཀྱི་འགན་ཁུར་དང་པོར་ངོས་འཛིན་ཞུ་བཞིན་ཡོད། ཅེས་བཀའ་སློབ་རྩལ་རྗེས་ཆོས་ལུགས་མཐུན་སྒྲིལ་སྐོར་ལ་བཀའ་སློབ་སྩལ།
དེ་རྗེས་མགོན་པོ་གང་ཉིད་མཆོག་བོད་མི་ཞིག་ཡིན་པའི་ཆ་ནས་བོད་བརྒྱུད་ནང་བསྟན་གཙོ་བོར་གྱུར་བའི་བོད་ཀྱི་སྐད་དང་རིག་གནས་སོགས་འཛིན་སྐྱོང་སྤེལ་གསུམ་མཛད་ཕྱོགས་ཐད་བཀའ་སློབ་སྩལ་དོན། ང་ཚོ་བོད་པ་རང་ཉིད་ལ་སྐད་ཡིག་ཡོད། དེང་སྐབས་དཔལ་ནཱ་ལེཎྜའི་ནང་ཆོས་ཚང་ལ་མ་ནོར་བ་ཞིག་འགྲེལ་བཤད་རྒྱག་དགོས་ན་བོད་སྐད་ལས་ལྷག་པའི་སྐད་ཡིག་གཅིག་ཀྱང་མེད། དཔལ་ནཱ་ལེཎྜའི་ནང་ཆོས་ནང་ཚད་མ་རིག་པའི་རྣམ་གཞག་དང་དེ་བཞིན་བློའི་རྣམ་གཞག་གི་འགྲོ་སྟངས་ཧ་ཅང་ཕྱུག་པོ་ཡོད། སློབ་ཚན་དེ་དག་ཐོག་ངོས་རང་ལ་སྦྱངས་གོམས་ཕྲན་བུ་ཡོད་པར་བརྟེན་འདས་པའི་ལོ་ ༣༠་ལྷག་གི་རིང་ལ་ངོས་ཀྱིས་དེང་རབས་ཚན་རིག་པ་ཚོ་དང་ལྷན་བགྲོ་གླེང་བྱས་པ་ཡིན། དེའི་འབྲས་བུར་ཚན་རིག་པ་མང་པོ་ཞིག་གི་རྒྱ་གར་གནའ་རབས་ཀྱི་རིག་གཞུང་ནང་བློའི་རྣམ་གཞག་དང་བྱེད་ལས་ལ་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་འདུག ཅེས་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ། མཛད་སྒོ་གྲུབ་བསྟུན་༸གོང་ས་མཆོག་གིས་སྨན་པའི་ལྷན་ཚོགས་ཀྱི་ཚོགས་ཁང་མདུན་དུ་ཤིང་སྣ་འདེབས་འཛུགས་ཀྱང་མཛད་ཡོད།