༢༠༡༥ ཟླ་ ༤ ཚེས་ ༢༦ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༥ ཉིན་བལ་ཡུལ་ནང་ས་ཡོམ་ཤུགས་ཆེ་བརྒྱབ་སྟེ་མི་མང་པོའི་ཚེ་སྲོག་ཤོར་ཡོད་པ་མ་ཟད། སྡོད་ཁང་དང་རྒྱུ་དངོས་སོགས་ལ་གཏོར་བཤིག་ཚབས་ཆེན་ཕོག་པར་བརྟེན། ཕྱི་ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུལ་དེའི་སྲིད་བློན་སྐུ་ཞབས་སུ་ཤིལ་ཀོ་ར་ལ་ Sushil Koirala མཆོག་ལ་གསུང་འཕྲིན་ཞིག་སྩལ་བ་བརྒྱུད་ཐུགས་ཕམ་ཧ་ཅང་ཆེན་པོས་གདུང་སེམས་མཉམ་སྐྱེ་མཛད་དོན། བལ་པོ་དང་བོད་མི་གཉིས་ནི་ལོ་རྒྱུས་ཐོག་ནས་ཁྱིམ་མཚེས་ཀྱི་འབྲེལ་བ་རྒྱུན་རིང་ནས་གནས་ཡོད་པ་མ་ཟད། བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་ད་ལྟ་བལ་ཡུལ་ཁུལ་དུ་གནས་སྡོད་བྱེད་བཞིན་ཡོད། དེར་བརྟེན་ཐེངས་འདིར་རང་བྱུང་གི་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་གསོལ་འདེབས་སྨོན་ལམ་བྱེད་རྒྱུ་དང་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་མ་ཟད། རྨས་སྐྱོན་ཕོག་པ་རྣམས་མགྱོགས་ནས་མྱུར་དུ་དྲག་སྐྱེད་ཡོང་བའི་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་ཡིན། བལ་ཡུལ་མི་མང་རྣམས་ཀྱི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེ་ཆེད་ངོས་ཀྱིས་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་ལ་ངལ་སེལ་རོགས་དངུལ་ཆེད་ཞལ་འདེབས་འབུལ་དགོས་པ་བཀོད་མངགས་བྱས་ཡོད། ཅེས་པའི་གསུང་འཕྲིན་སྩལ་འདུག