༢༠༡༥ ཟླ་ ༤ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་གནམ་ཐང་དུ་༸ཞབས་སོར་འཁོད་མ་ཐག་ཉི་ཧོང་མཁའ་འགྲུལ་ལས་ཁུངས་ཀྱི་སྣེ་ཤན་པ་དང་རྒྱ་གར་གཞུང་ཚབ་ཁང་གི་སྐུ་ཚབ་མཆོག ཉི་ཧོང་སྐུ་ཚབ་དོན་གཅོད་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག དེ་རྗེས་༸གོང་ས་མཆོག་གིས་གསར་འགོད་པ་ཁག་གཅིག་ལ་མགོན་པོ་གང་ཉིད་མཆོག་གི་སྐུ་ཚེའི་མཛད་འགན་གཙོ་བོ་གསུམ་གྱི་ཐོག་བཀའ་སློབ་སྩལ་དོན། ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་མཚུངས་ཡིན། དོན་དམ་བདེ་སྐྱིད་ཀྱི་རྩ་བ་དེ་སོ་སོའི་རྒྱུད་ལ་ཡོད། ཅེས་བཀའ་སྩལ་བ་མ་ཟད། ཆོས་ལུགས་མཐུན་སྒྲིལ་སྐོར་སོགས་བཀའ་སློབ་སྩལ་རྗེས། ཞལ་ཤོབ་དང་སྦྲགས་༸གོང་ས་མཆོག་གིས་ཉི་ཧོང་གི་བཞེས་འབྲས་དེ་བྲོ་བ་ཆེན་པོ་འདུག་པས་དེར་དགའ་མོས་ཡོད་སྐོར་བཀའ་སྩལ། གཞན་ཡང་སྐབས་དེར་༸གོང་ས་མཆོག་ལ་སོ་ཏོ་ཛེན་ Soto Zen ཆོས་ལུགས་ཀྱི་མཁན་པོ་མཆོག་དང་གྲོགས་པོ་རྙིང་པ་ཁག་གཅིག་བཅས་ཀྱིས་ཕེབས་བསུ་ཞུས་འདུག དེ་ཡང་ཉི་ཧོང་དུ་ཆིབས་སྒྱུར་བསྐྱངས་ཐེངས་ ༢༡ སྐབས་འདིར་མགོན་པོ་གང་ཉིད་མཆོག་གིས་ཉི་ཧོང་གི་བྱང་ཕྱོགས་གླིང་ཕྲན་ཧོ་ཀ་ཡི་དོར་ Hokkaido སང་ཉིན་ཆིབས་སྒྱུར་བསྐྱང་རྒྱུ་དང་། དེ་རྗེས་རྒྱལ་ས་ཊོག་ཁྱོའི་ནང་ཤེས་རབ་སྙིང་པོ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་སོགས་ཀྱི་ཆོས་འབྲེལ་སྩལ་རྒྱུ་ཡིན་འདུག