༢༠༡༥ ཟླ་ ༤ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༧ ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་ Moscow ནང་བོད་ཀྱི་གྲོགས་པོ་དང་བོད་དོན་རྒྱབ་སྐྱོར་བ་བཅས་མོ་སི་ཁོ་གསར་ལས་ཁང་ཞེས་པའི་ཚོགས་ཁང་ནང་དུ་ལྷན་འཛོམས་ཀྱིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་སྦྲགས། ཆུང་སྲིད་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་ནས་ད་བར་མི་ལོ་ ༢༠ ཧྲིལ་པོ་འཁོར་བའི་དུས་དྲན་ཡང་སྲུང་བརྩི་གཟབ་རྒྱས་ཞུས་འདུག ཐེངས་འདིར་མཛད་སྒོ་གོ་སྒྲིག་གནང་མཁན་མོ་སི་ཁོའི་ནང་རྟེན་གཞི་བྱས་པའི་སྐུ་ཚབ་དོན་ཁང་དང་བོད་ཀྱི་ཁང་པ་ཞེས་པ་གཉིས་ཡིན་འདུག དེ་ཡང་མཛད་སྒོའི་སྐབས་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་བའི་ནང་དོན།
ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྤྲུལ་དུ་ངོས་འཛིན་མཛད་ཡོད། དེ་རྗེས་ཉིན་གསུམ་ལས་མ་སོང་བར་རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉིན་མ་མཆོག་ནང་མི་དང་ལྷན་བཙན་ཁྲིད་བྱས་ནས་ཡང་སྤྲུལ་མཆོག་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་དགུང་ན་ཆུང་ཤོས་གྲས་ཤིག་ཆགས་འདུག དེ་ནས་བཟུང་དུས་ད་བར་ཁོང་རྣམས་གང་དུ་ཡོད་མེད་དང་གནས་སྟངས་ཇི་ཡིན་སྐོར་རྒྱ་ནག་གཞུང་གིས་གསལ་བཤད་གང་ཡང་བྱས་མེད།
རྒྱལ་སྤྱིའི་མནར་གཅོད་འགོག་ཐབས་དང་བྱིས་པའི་ཐོབ་ཐང་། དེ་བཞིན་ཆོས་དད་རང་དབང་སྲུང་སྐྱོབ་ཆེད་དམིགས་བསལ་རྟོག་ཞིབ་ཚོགས་ཆུང་བཅས་ཀྱིས་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་དང་ཁོང་གི་གནས་སྟངས་ཇི་ཡིན་གསལ་བཤད་དགོས་པའི་རེ་འདུན་བཏོན་ཡོད་ཀྱང་། རྒྱ་ནག་གཞུང་གིས་རེ་འདུན་དེ་དག་ལ་ཡ་ལན་གང་ཡང་མ་བྱས་པར་མུ་མཐུད་ནས་ཁོང་དང་ཁོང་གི་ནང་མི་རྣམས་བཀག་ཉར་བྱེད་བཞིན་ཡོད། ཅེས་གསུངས་པ་དང་སྦྲགས། ཏེ་ལོ་རིན་པོ་ཆེ་མཆོག་གིས་ཨུ་རུ་སུའི་བོད་དོན་རྒྱབ་སྐྱོར་བ་དང་བོད་ཀྱི་གྲོགས་པོ་བཅས་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་ཐོབ་ཆེད་སྨོན་ལམ་བརྒྱབ་པ་ཙམ་མིན་པར། ལས་དོན་སྤེལོ་རྒྱུའི་ཐོག་འབད་བརྩོན་གནང་དགོས་པའི་རེ་འདུན་ཡང་བཏོན་ཡོད་ཅིང་། རྒྱ་ནག་འགོ་ཁྲིད་དང་རང་ཉིད་གང་དུ་སྡོད་སའི་ས་གནས་དཔོན་རིགས་ཁག་ལ་ཞུ་སྙན་ཕུལ་བ་བརྒྱུད་ལས་འགུལ་སྤེལ་དགོས་པ་དང་། ཕྱོགས་མཚུངས་སྤྱི་ཚོགས་དྲ་ལམ་སོགས་བརྒྱུད་ནས་བོད་དང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གནས་སྟངས་སྐོར་བརྒྱུད་བསྒྲགས་གནང་རྒྱུ་སོགས་ཡིན་སྐོར་གསུངས་པ་མ་ཟད། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱལ་སྤྱིའི་གདུང་སེམས་མཉམ་སྐྱེའི་ཉིན་མོར་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་ཡང་གནང་འདུག
གཞན་ཡང་སྐབས་དེར་མངོན་མི་ཐུབ་པའི་བོད། རང་བཙན་དང་བཙན་འཛུལ་གྱི་ལོ་རྒྱུས། ‘Hidden Tibet: History of Independence and Occupation’ ཞེས་པའི་དཔེ་དེབ་རྩོམ་པ་པོ་སྐུ་ཞབས་སར་གི་ཀུ་ཛུ་མིན་ Dr. Sergei L. Kuzmin ལགས་ཀྱིས་བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ལོ་རྒྱུས་ཐོག་ནས་འབྲེལ་བ་ཇི་ཡོད་སྐོར་དང་།
ལྷག་པར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་འཚོལ་ཞིབ་ཀྱི་ལམ་ལུགས་དང་། ལམ་ལུགས་དེར་ཕྱིས་སུ་རྒྱ་ནག་གིས་ཐེ་བྱུས་གང་འདྲ་བྱས་མིན་སོགས་ངོ་སྤྲོད་གནང་སྐབས་ཁོང་གིས་དེང་སྐབས་རྒྱ་ནག་གཞུང་གིས་ལོ་རྒྱུས་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་འཚོལ་ཞིབ་ཐོག་བདག་དབང་ཡོད་ཚུལ་བཤད་པ་དེ་དག་བོད་ཀྱི་ལོ་རྒྱུས་ལ་དཔྱད་སྐབས། རྒྱ་ནག་གཞུང་གིས་བཤད་པ་དེ་དག་འགལ་འདུའི་ཕུང་གསོག་ཁོ་ན་ཆགས་བཞིན་ཡོད་སྐོར་གསལ་བཤད་གནང་འདུག རྒྱ་ནག་གཞུང་གིས་བཤད་པའི་གསེར་བུམ་དཀྲུག་སྲོལ་དེ་དེའི་ཚེ་དེའི་དུས་སུ་རྒྱ་ནག་གོང་མ་རྣམས་ནང་པ་ཡིན་པ་དང་བོད་ཀྱི་བླ་མ་དང་རྒྱ་ནག་གོང་མའི་དབར་བླ་སློབ་ཀྱི་འབྲེལ་བ་ཡོད་པའི་སྐབས་ཡིན་པ་དང་།
ལྷག་པར་བོད་ཀྱི་ལོ་རྒྱུས་ཐོག་དཔྱད་སྐབས་གསེར་བུམ་ཐེངས་འགའ་ཤས་ལས་དཀྲུག་མེད་སྐོར་གསུངས། དེ་བཞིན་སྐབས་དེར་ཨུ་རུ་སུའི་མི་རིགས་རིག་གནས་ཐོག་ཉམས་ཞིབ་པ་སྐུ་ཞབས་ཏོ་ལོག་ནོབ་ Mr. Viacheslav Toloknov ལགས་ཀྱིས་རྒྱ་གར་ནང་དུ་བཙན་བྱོལ་བོད་མི་རྣམས་ཀྱིས་བོད་མིའི་ཐུན་མིན་རིག་གཞུང་དང་གོམས་གཤིས་དེ་དག་བདག་གཅེས་དང་རྒྱུན་འཛིན་ཇི་ལྟར་བྱེད་བཞིན་ཡོད་སྐོར་གསུངས་པ་མ་ཟད། བོད་མིའི་ཐུན་མིན་རིག་གཞུང་བདག་གཅེས་བྱ་རྒྱུར་བོད་ཀྱི་སྐད་ཡིག་དེ་གལ་ཆེ་ཤོས་ཆགས་ཡོད་པ་དང་། འབྱུང་གྱུར་མགྱོགས་མྱུར་བོད་ཀྱི་སྐད་ཡིག་ཉམ་ཆགས་འགྲོ་རྒྱུའི་ཉེན་ཁ་མ་མཐོང་ཡང་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མིའི་ཤེས་ཡོན་ལམ་ལུགས་སོགས་ནང་ཆེད་མངགས་རྒྱ་སྐད་དང་རྒྱ་ཡིག་བཅུག་པ་དང་། དེ་བཞིན་བཙན་བྱོལ་བོད་མི་ཚོས་ཀྱང་རྒྱུན་ལྡན་བོད་སྐད་ནང་ཧིན་དི་དང་ཨིན་ཇིའི་ཐ་སྙད་སོགས་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དེ་དག་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་རྒྱུའི་ཉེན་ཁ་ཞིག་འཕྲད་བཞིན་ཡོད་སྐོར་གསུངས། དེ་བཞིན་ཁོང་གིས་བོད་མིའི་ཐུན་མིན་ངོ་བོ་གལ་ཆེ་བ་གཞན་གཅིག་ནི་བོད་བརྒྱུད་ནང་བསྟན་དང་། བོད་བརྒྱུད་ནང་བསྟན་ཁྲོད་བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ལྟ་བུ་སྐྱེས་ཆེན་དམ་པ་རྣམས་ཡིན་སྟབས། བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་མཛད་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་སྐོར་རྒྱ་ནག་གཞུང་གིས་གསལ་བཤད་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་མ་ཟད། སླད་ཕྱིན་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་འཚོལ་ཞིབ་ཐད་ཐེ་བྱུས་གང་ཡང་བྱེད་མི་རུང་། ཞེས་གསུངས།
མཐར་མོ་སི་ཁོ་བོད་ཁང་གི་འགན་འཛིན་གཞོན་པ་ལྕམ་སྐུ་ནདྱཱ་བྷར་ཀེན་ཇིམ་ Mrs. Nadya Berkengeym ལགས་ཀྱིས་པཎ་ཆེན་རིན་པོ་ཆེའི་ལོ་རྒྱུས་དང་འབྲེལ་བའི་བརྙན་འཕྲིན་ཞིག་བསྟན་རྗེས་ཏེ་ལོ་རིན་པོ་ཆེ་མཆོག་གིས་༸རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་གསོལ་འདེབས་སྨོན་ལམ་གསུང་འདོན་གནང་ནས་ཐེངས་འདིར་བལ་ཡུལ་སོགས་ནང་རང་བྱུང་གོད་ཆག་ཕོག་པ་རྣམས་ལ་སྨོན་ལམ་གསུང་འདོན་གནང་བ་དང་སྦྲགས་མཛད་སྒོ་ལེགས་པར་གྲུབ་འདུག་པ་བཅས།།