༢༠༡༥ ཟླ་ ༤ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་སྐུ་ཚབ་དོན་ཁང་གསར་པ་དབུ་འབྱེད་མཛད་འདུག སྐབས་དེར་ཐོག་མར་༸གོང་ས་མཆོག་གིས་བཀྲ་ཤིས་ཚིགས་བརྗོད་གསུང་འདོན་མཛད་རྗེས་རྟེན་འབྲེལ་འབྲས་བསིལ་དང་གསོལ་ཇ་འདེབས་འབུལ་ཞུས་གྲུབ་བསྟུན། ཚོགས་བཅར་བ་བོད་མི་དང་ཉི་ཧོང་པ་བཅས་ཁྱོན་མི་གྲངས་ ༤༠ བརྒལ་བར་བཀའ་སློབ་སྩལ་དོན། དེ་རིང་འདིར་ཕེབས་པའི་ང་ཚོའི་གྲོགས་པོ་ཚང་མར་ཐུསག་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོས་རྒྱབ་སྐྱོར་དང་རོགས་རམ་དེ་བཞིན་མཐུན་འགྱུར་གནང་བར་བཀའ་དྲིན་ཆེ། བོད་དང་ཉི་ཧོང་གི་འབྲེལ་བ་དེ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ནས་བྱུང་ཡོད། ཁོང་གིས་ཉི་ཧོང་དུ་བླ་མ་མཁས་པ་ཞིག་ཆེད་གཏོང་མཛད་འདུག དུས་སྐབས་དེའི་མཚམས་སུ་ཉི་ཧོང་པ་ཨེ་ཀའི་ཀ་ཝ་གུ་ཅི་ Ekai Kawaguchi ཁོང་ཡང་སེ་རར་ཕེབས་ནས་སློབ་གཉེར་གནང་འདུག
ངོས་ཀྱིས་སྐུ་གོང་མའི་གཟིམས་ཤག་ཏུ་ཨེ་ཀའི་ཀ་ཝ་གུ་ཅིའི་དཔར་དེ་ཡང་མཐོང་མྱོང་ཡོད། སྐུ་གོང་མ་མྱ་ངན་ལས་འདས་ཏེ་ཡུན་རིང་མ་སོང་བར་འཛམ་གླིང་དམག་ཆེན་གཉིས་པ་ལངས་པར་བརྟེན་འབྲེལ་ལམ་ཆད་པ་ལྟ་བུ་ཆགས་ནས་ཕྱིས་སུ་ང་ཚོ་རྒྱ་གར་ནང་བཙན་བྱོལ་དུ་བྲོས་བྱོལ་བྱུང་རྗེས་གཞི་ནས་འབྲེལ་ལམ་སླར་གསོ་ཐུབ་པ་ལྟ་བུ་བྱུང་ཡོད། ངོས་ཀྱི་གཅེན་པོ་སྟག་འཚེར་རིན་པོ་ཆེས་ཡུལ་འདིར་ཉི་ཧོང་སྐད་སྦྱངས་པ་རེད།
དེ་རྗེས་རྒྱར་གྱི་ཇ་ཡཱ་པྲ་ཀཱཤ་ན་རཱ་ཡན་ Jayaprakash Narayan མཆོག་ནས་བོད་ཀྱི་གནད་དོན་ཐོག་བགྲོ་གླེང་ཡོང་ཆེད། བོད་སྐོར་ཨབ་རི་ཀ་དང་ཨེ་ཤི་ཡའི་ལྷན་ཚོགས་ Afro-Asian Conference on Tibet ཤིག་རྒྱ་གར་ནང་གོ་སྒྲིག་ཞུ་སྐབས་ཉི་ཧོང་གི་སྐུ་ཚབ་ནས་མཉམ་ཞུགས་གནང་ཡོད། དེ་རྗེས་མི་རིང་བར་ང་ཚོས་བོད་མི་ཉུང་ཤས་ཤིག་ཉི་ཧོང་དུ་བཏང་ནས་ཉི་ཧོང་གི་སྐད་ཡིག་བསླབས་པ་རེད། དེ་ནས་རིམ་བཞིན་ངོས་རང་ཡང་ཉི་ཧོང་དུ་ཡོང་ཐུབ་པ་དང་། ཉི་ཧོང་གི་དགོན་པ་དང་མཁས་པ་ཚོས་བོད་བརྒྱུད་ནང་བསྟན་ལ་གཞི་ནས་དོ་སྣང་ཤུགས་ཆེན་པོ་བྱ་རྒྱུ་འགོ་བཙུགས་ཡོད། ཅེས་བཀའ་སློབ་རྩལ་བ་དང་སྦྲགས། བོད་ལ་དཔལ་ནཱ་ལེཎྜ་ནས་བརྒྱུད་པའི་ནང་པ་སངས་རྒྱས་པའི་གཞུང་ལུགས་ཀྱི་བཀའ་འགྱུར་དང་བསྟན་འགྱུར་སོགས་ནང་སེམས་ཀྱི་རྣམ་གཞག་དང་བྱེད་ལས་སོགས་ཀྱི་སྐོར་ལ་ཧ་ཅང་ཕྱུག་པོ་ཡོད་པ་དང་།
༸གོང་ས་མཆོག་གིས་བོད་བརྒྱུད་ནང་བསྟན་དེར་ཚན་རིག་དང་། ལྟ་སྒྲུབ་ཀྱི་རྣམ་གཞག ཆོས་ཀྱི་སྡེ་ཚན། ཞེས་དབྱེ་བ་གསུམ་དུ་མཛད་བཞིན་ཡོད་སྐོར་བཀའ་སློབ་སྩལ་བ་མ་ཟད། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། ཞེས་པའི་དཔེ་དེབ་གཉིས་བོད་སྐད་ཐོག་དཔར་འགྲེམས་ཞུས་ཟིན་ནས་ད་ཆ་དབྱིན་སྐད་དང་རྒྱ་སྐད། ཨརུ་རུ་སུ། ཀོ་རི་ཡ་སོགས་ཀྱི་སྐད་ཡིག་ནང་ཕབ་བསྒྱུར་ཞུ་བཞིན་ཡོད་སྐོར་བཀའ་སློབ་སྩལ།