༢༠༡༥ ཟླ་ ༣ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༦ ཉིན་བཏང་གནས་ནང་འཁོད་དོན།
ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ཨོ་སི་ཊོ་ལི་ཡའི་ས་གནས་ཁག་དང་ཨོག་ལེན་ཌེ་ནང་གནས་སྡོད་བྱེད་མཁན་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རང་རང་གནས་ཡུལ་ས་གནས་སུ་རྒྱ་ནག་གཞུང་གི་དབང་སྒྱུར་ལ་ཞི་བའི་སྒེར་ལངས་བྱས་ནས་ད་བར་མི་ལི་ཧྲིལ་པོ་ ༥༦ འཁོར་བའི་ཉིན་མོ་དེར་དྲན་གསོའི་འདུ་འཛོམས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་ཡོད།
དེ་ཡང་རྒྱལ་ས་ཀེན་བྷེ་ར་ Canberra ནང་ས་གནས་བོད་རིགས་མཐུན་ཚོགས་ནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འདུ་འཛོམས་ཀྱི་ལས་འགུལ་སྤེལ་སྐབས་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༥༠ ལྷག་མཉམ་ཞུགས་ཀྱིས། ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཡེ་ཤེས་ལགས་དང་དྲུང་ཆེ་གཞན་ཕན་ལགས། ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་སྒྲོན་ལགས་སོགས་ནས་རྒྱ་ནག་གཞུང་གི་བོད་བཙན་བཟུང་བྱས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་བཞིན་པར་ངོ་རྒོལ་དང་། རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་འོག་བོད་མི་རྣམས་ལ་གཏམ་བརྗོད་རང་དབང་དང་འདུ་འཛོམས་སོགས་ཀྱི་གཞི་རྩའི་ཐོབ་ཐང་གང་ཡང་མེད་པ། བོད་མི་རྣམས་ནས་རང་གི་རྩ་ཆེན་ཚེ་སྲོག་བློས་གཏོང་གནང་ནས་ཞི་བའི་འཐབ་རྩོད་གནང་གི་ཡོད། འོན་ཀྱང་རྒྱ་ནག་གཞུང་གི་དངོས་ཡོད་དཀའ་ངལ་སེལ་རྒྱུ་ལས་ལྡོག་སྟེ་དྲག་གནོན་དང་མཁྲེགས་བཟུང་གི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པར་མཐའ་ཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཅེས་གཏམ་བཤད་གནང་ཡོད།
ཡང་ Sydney སི་ཌི་ནི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ཚེས་ ༡༠ ཉིན་སི་ཌི་ནི་མི་འཛོམས་ཆེ་སའི་ཁྲོམ་གཞུང་ Martin Place ཁུལ་དུ་འདུ་འཛོམས་ཀྱི་ལས་འགུལ་སྤེལ་ཏེ་བོད་མིའི་སྒེར་ལངས་ཉིན་མོ་སྲུང་བརྩི་ཞུས་ཡོད། ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། རྒྱ་རིགས་སོགས་མི་གྲངས་ ༢༠༠ ལྷག་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་པ་དང་། ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ལྷ་མོ་ལགས་ནས་བོད་ནང་གི་ཡ་ང་བའི་གནས་སྟངས་ངོ་སྤྲོད་དང་། ATC ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་པོལ་ Paul ལགས་ནས་གཏམ་བཤད་གནང་སྐབས་ཨོ་གཞུང་དང་རྒྱལ་སྤྱིའི་ནང་བོད་དོན་ལ་དོ་སྣང་གནང་དགོས་པའི་འབོད་བསྐུལ་ཞུས་ཡོད། དེ་རྗེས་བོད་མི་གཞོན་སྐྱེས་ཁག་གཅིག་ནས་མང་ཚོགས་རྣམས་ལ་བོད་ནང་གི་དངོས་ཡོད་གནས་སྟངས་འཁྲབ་སྟོན་གནང་ཡོད། དེ་བཞིན་སི་ཌི་ནིའི་ས་གནས་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་འབྲེལ་ཡོད་ཆབ་སྲིད་མི་སྣ་ཁག་ལ་བོད་དོན་ཞུ་གཏུགས་སྙན་ཞུ་ཕུལ་ཡོད་པ་དང་། སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་ཕྱི་དྲོ་མཆོད་འབུལ་སྨོན་ལམ་ཚོགས་ནས་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྲུང་བརྩེ་ཞུས་འདུག
གཞན་ཡང་ Melbourne མེལ་བྷོན་ཁུལ་ས་གནས་བོད་རིགས་མཐུན་ཚོགས་ནས་གོ་སྒྲིག་གིས་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི། ཝེ་ཐེ་ནམ་སྐུ་ཚབ་སོགས་མི་གྲངས་ ༡༠༠ བརྒལ་བ་གྲོང་ཁྱེར་མི་འཛོམས་ཆེ་སའི་ཐང་ཆེན་དུ་འདུ་འཛོམས་ཀྱིས་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྲུང་བརྩི་ཞུས་ཡོད་། དེ་ཡང་ཚོགས་གཙོ་ངག་དབང་ལགས་ནས་རྒྱ་ནག་གཞུང་གི་བཙན་གནོན་འོག་བོད་ནང་གི་བོད་མི་རྣམས་སྡུག་བསྔལ་དང་མནར་གཅོད་མྱོང་བཞིན་པའི་གནས་སྟངས་དང་། རྒྱ་གཞུང་གི་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་གཏོང་གི་ཡོད་ནའང། བོད་མི་རྣམས་ནས་ལོ་ངོ་སྟོང་ཕྲག་ཡོད་པའི་རིག་གཞུང་སྲུང་སྐྱོབ་ཆེད་མུ་མཐུད་ཏེ་འཐབ་རྩོད་་གནང་དང་གནང་བཞིན་ཡོད་པའི་སྐོར་སོགས་ངོ་སྤྲོད་གནང་ཡོད།
ཨོ་གླིང་ནུབ་ཕྱོགས་སུ་གནས་པའི་ Perth ཕ་ཐ་བོད་དོན་རྒྱབ་སྐྱོར་ཚོགས་པ་TAGWA ནས་གོ་སྒྲིག་འོག་བོད་མིའི་སྒེར་ལངས་ཉིན་མོ་སྲུང་བརྩི་ཞུ་སྐབས་ས་གནས་གྲོས་ཚོགས་འཐུས་མི་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ། བོད་བརྒྱུད་ནང་བརྟེན་ཆོས་ཚོགས་ཁག་གི་བླ་མ་དགེ་བཤེས་བཅས་ཉམས་ཞུགས་ཀྱིས་བོད་ནང་གི་ཡ་ང་བའི་གནས་སྟངས་དང་བོད་མི་རྣམས་ཀྱིས་སྐུ་ལུས་མེར་སྲེག་བརྒྱུད་རང་དབང་གི་འབོད་སྒྲ་ཕྱིར་བསྒྲགས་བཞིན་པ་སོགས་གཏམ་བཤད་གནང་ཡོད།
དེ་ཉིན་ད་དུངཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ Bsirbean སྦེར་སེ་སྦན་ཁུལ་དུ་ས་གནས་བོད་རིགས་མཐུན་ཚོགས་ནས་གོ་སྒྲིག་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། རྒྱ་རིགས་སློབ་ཕྲུག་སོགས་འདུ་འཛོམས་ཀྱི་བོད་མིའི་སྒེར་ལངས་ཉིན་མོ་སྲུང་བརྩི་ཞུས་ཡོད།
ཡང་དེ་ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་Newcastle དང་ Tasmania བཅས་ས་གནས་ཁག་ནང་གོང་མཚུངས་གསུམ་བཅུའི་དུས་དྲན་ཐེངས་ ༥༦ པ་སྲུང་བརྩེ་ཞུས་ཡོད་པ་དང་། ནིའུ་ཛེ་ལེན་ཌེའི་གྲོང་ཁྱེར་ Auckland ནང་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་དང་བོད་དོན་རྒྱབ་སྐྱོར་བ། བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་བཅས་འདུ་འཛོམས་ཀྱིས་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་བཅས།།